སྤྱི་ཟླ་༡༢པའི་ཚེས་༢༡ཉིན་གྱི་ཕྱི་དྲོར། གངས་ལྗོངས་ཉི་གཞོན་གསར་དུ་བཏོན་ནས་ལོ་འཁོར་བཅུ་ལོན་པ་དང་པར་གཞི་བཟོ་བཅོས་ཀྱི་བགྲོ་གླེང་ཚོགས་འདུ་དང་འཕྲིན་སྦྱོར་གསར་པའི་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཏེ། དཀར་མཛེས་ཁུལ་དང་རྔ་བ་ཁུལ། དེ་མིན་ཁྲེང་ཏུའུ་གྲོང་ཁྱེར་དུ་བཞུགས་པའི་གངས་ལྗོངས་ཉི་གཞོན་གྱི་བློ་འདོན་པ་དང་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ། ཆེད་བསྐོས་གསར་འགོད་པ། ཆེད་བསྐོས་བརྙན་ལེན་པ། ལས་རིགས་གཅིག་པ་སོགས་ཀྱི་མི་གྲངས་༤༠ལྷག་ཙམ་སྤེལ་རེས་ཚོགས་འདུར་ཞུགས།
《སི་ཁྲོན་ཏང་གི་འཛུགས་སྐྲུན་བོད་ཡིག་པར་གཞི》གངས་ལྗོངས་ཉི་གཞོན་དུས་དེབ་ནི་༢༠༡༣ལོར་གསར་དུ་བཏོན་ཞིང་། ད་ལྟ་སི་ཁྲོན་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པའི་འོག་གི་སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་ཁོངས་གཏོགས་དང་སི་ཁྲོན་ཨུ་ལྷན་གྱི་ལས་ཁུངས་ཀྱི་དུས་དེབ་ཅིག་ཡིན། ད་ལོར་གངས་ལྗོངས་ཉི་གཞོན་བཏོན་ནས་ལོ་འཁོར་བཅུ་ལོན་ཞིང་། བགྲང་བྱ་བཅུ་ཡི་འཚོལ་ཞིབ་དང་འབད་འབུངས་བརྒྱུད། ད་ལྟ། གངས་ལྗོངས་ཉི་གཞོན་དུས་དེབ་ཙམ་མ་ཡིན་པར་བཀླག་ནུས་པ་དང་། སྒྲ་ཉན་ནུས་པ། གཟུགས་ལྟ་ནུས་པ། བསམ་ཚུལ་སྤེལ་ནུས་པ། བསྒྱུར་རེས་ནུས་པ། བརྒྱུད་བསྐུར་ནུས་པ་བཅས་ཀྱི་ནུས་པ་དྲུག་ལྡན་གྱི་འཕྲིན་སྦྱོར་ཀུན་འདུས་ཀྱི་དུས་དེབ་ཏུ་འཕེལ་རྒྱས་བྱུང་ཞིང་། ད་དུང་《ཁ་བཏགས་དཀར་པོ》དུས་དེབ་དང་། གསར་འགྱུར་ཐད་ནས་གངས་ལྗོངས་ཉི་གཞོན་སྐད་གཉིས་གསར་འགྱུར་དྲ་ཚིགས། ཞབས་ཞུའི་ཐད་ནས་བོད་རྒྱ་སྦྲེལ་སྦྱོར་ཚུལ་གྱི་ཡིག་སྒྱུར་ལས་སྟེགས། ལས་སྒོའི་ངོས་ཐད་ནས་བོད་ཡིག་དུས་དེབ་ཀྱི་གྲངས་འཛིན་ལྟ་ཀློག་སྟེགས་བུ་སོགས་ཀྱི་དྲ་བ་དང་། འཕྲིན་སྟེགས། མགྲོན་སྣེ་བཅས་འཐུས་ཚང་ཡོད།
ཚོགས་ཞུགས་མི་སྣས་གངས་ལྗོངས་ཉི་གཞོན་གྱི་ལོ་བཅུའི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལྷུག་པོར་གླེང་བ་དང་། བོད་འབྲེལ་དུས་དེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བོད་འབྲེལ་དྲིལ་བསྒྲགས་ཀྱི་གལ་ཆེའི་རང་བཞིན། དེ་མིན་གངས་ལྗོངས་ཉི་གཞོན་གྱི་སྤུས་རྟགས་འཛུགས་སྐྱོང་སོགས་ལ་དམིགས་ནས་ཐབས་དང་བློ་གྲོས་བཏོན།ཀྲུང་གོ་དུས་དེབ་མཐུན་ཚོགས་ཀྱིས་ཆེད་དུ་གངས་ལྗོངས་ཉི་གཞོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། རྟེན་འབྲེལ་འཕྲིན་ཡིག་ནང་། དུས་དེབ་འདི་ཉིད་གསར་འདོན་བྱས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། བོད་འབྲེལ་ས་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཞབས་འདེགས་ཞུས་ནས་དུས་དེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། དུས་དེབ་ལས་རིགས་དང་ཀློག་པ་པོའི་ཁས་ལེན་དང་གདེང་འཇོག་ཡག་པོ་ཐོབ་ཡོད། དེ་བཞིན་གངས་ལྗོངས་ཉི་གཞོན་གྱིས་དུས་དེབ་གསར་འདོན་བྱས་ནས་ལོ་༡༠འཁོར་བའི་དུས་སྐབས་འདི་དམ་དུ་བཟུང་སྟེ། ཀྲུང་གོའི་དུས་དེབ་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་བསྟན།པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་དཀར་མཛེས་དང་རྔ་བ་སོགས་ཀྱི་བོད་རིག་པའི་ཆེད་མཁས་པ་དང་། གཞི་རིམ་ལས་བྱེད་པ། ལས་རིགས་གཅིག་པ་སོགས་ཀྱིས་ཀྱང་གངས་ལྗོངས་ཉི་གཞོན་ལ་རྟེན་འབྲེལ་ཤིས་ཚིག་ཕུལ་བ་དང་། གངས་ལྗོངས་ཉི་གཞོན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས།ད་དུང་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་ཀློག་པ་པོ་དེ་བས་མང་པོས་གངས་ལྗོངས་ཉི་གཞོན་ལྟ་ཀློག་ཐུབ་ཆེད་ཁྲེང་ཏུའུའི་ཡི་གེ་ཚང་དང་། བོད་ལྗོངས་ཆབ་མདོའི་དཔེ་མཛོད་ཁང་། དཀར་མཛེས་ཁུལ་གྱི་དཔེ་མཛོད་ཁང་། ཀན་སུའུ་ཀན་ལྷོ་ཁུལ་གྱི་དཔེ་མཛོད་ཁང་། མཚོ་སྔོན་ཡུས་ཧྲུའུ་ཤེས་རིག་ཡར་སྐུལ་དཔེ་ཚོང་ཁང་སོགས་སུ་གངས་ལྗོངས་ཉི་གཞོན་དཔེ་ཀློག་ས་ཚུགས་བཅུ་འཛུགས་རྒྱུའི་འཆར་གཞི་བཀོད་ནས་སྒོ་བྱང་སྤྲད། །
