ཀྲུང་དབྱང་ནས་དུས་སང“ཞིང་གསུམ”ལས་དོན་འདི་ལྟར་སྒྲུབ་དགོས་གསུངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-21   རྩོམ་ཁུངས།    西藏日报藏文媒体

    ཚེས་19དང་20ཉིན་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ། 2024ལོའི“ཞིང་གསུམ”ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།
    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་བསྟན་དོན། 2023ལོར་ང་ཚོས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་མང་པོ་ཁྱད་བསད་བྱས་པས་འབྲུ་རིགས་ཀྱི་ཐོན་འབབ་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཞིང་པའི་ཡོང་འབབ་མགྱོགས་མྱུར་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ལྷོད་གཡེང་མེད་པའི་སྒོ་ནས་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་ཚད་གཞི་རྩར་འཛིན་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩི་བ། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱིས་མྱོང་ཐུབ་པ་དང་མཐོང་ཐུབ་པའི་དོན་དངོས་ཁག་གཅིག་སྒྲུབ་པར་དམ་འཛིན་ཡག་པོ་བྱེད་དགོས། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱིས་འགན་འཁྲི་མཉམ་དུ་འཁུར་བ་དོན་འཁྱོལ་བྱས་ཏེ་འདེབས་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་ཚད་མང་དུ་འགྲོ་བ་གཉིས་ཀར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞིང་ལས་ཆེ་མོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས་ཞིང་ལས་ནགས་ལས་ཕྱུགས་ལས་ཉ་ལས་བཅས་ལ་མཉམ་དུ་དམ་འཛིན་བྱས་ཏེ། སྣེ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས། སྲོག་རྩ་ཡིན་པའི་རྨོ་ཞིང་བརྟན་པོར་བསྲུངས་ཏེ་རྨོ་ཞིང་གང་བྱུང་དུ་བཟུང་བ་དང་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་དང་གཡོག་བྱེད་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་གི་གྲངས་འབོར་འགན་ལེན་དང་སྤུས་ཚད་མཐོ་རུ་འགྲོ་བ་བྱེད་དགོས། སྒུལ་ཤུགས་ཡིན་པའི་ཚན་རྩལ་དང་སྒྱུར་བཅོས་གཉིས་ལ་ཤུགས་སྣོན་རྒྱག་པ་དང་། ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། “ཞིང་གསུམ”ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་ལས་དེང་རབས་ཅན་ལ་སྒུལ་ཤུགས་འཕེལ་བ་དང་གསོན་ཤུགས་འཕེལ་བར་བྱེད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐོན་པ་བྱས་ནས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་དང་རྒྱ་ཆེར་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་བ་དང་། ཞིང་པར་འབབ་འཕར་ཡོང་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བཅས་བྱས་ཏེ། འགན་འཁྲི་ཕྲག་ཏུ་འཁུར་བ་དང་ལག་ལེན་ལ་དམ་འཛིན་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྒྲུབ་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གང་མགྱོགས་མངོན་འགྱུར་ཡོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།