རྒྱ་སིལ་སྨིན་བྱུང་།དམངས་ཀྱི་འཚོ་བ་སྐྱིད་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་སྔོན།ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོ་རུ་སྐྱིད་དུས་གུང་ཁྲན་ཏང་མི་བརྗེད་པ་དང་གྲོང་གསེབ་དར་རྒྱས་དངོས་གནས་ཡག་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་ཐོག་མའི་ཉི་ཤར་རྒྱ་སིལ་བཏོགས་པའི་དུས་ཚིགས་ཀྱི་བྱམས་གླུ་དུས་ཆེན་དང་ཞིང་པར་རོགས་རམ་བྱེད་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཐད་གཏོང་གི་བྱ་འགུལ་སྤེལ་བ་རེད།

    རྟེན་གཞིའི་ནང་གྲོང་མི་ཚོས་རྒྱ་སིལ་བཏོགས་པར་བྲེལ་བའམ་ཡང་ན་ཐུམ་སྒྲིལ་སྒམ་རྒྱག་པར་བྲེལ་ནས་ལོ་ལེགས་ཀྱི་རྣམ་པ་ག་ས་གང་དུ་ཁེངས་འདུག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཝུན་ཆུས་སྲང་ལམ་ཡུལ་སྐོར་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཡུང་ཅིན་གྱིས་མིག་སྔར་ཝུན་ཆུས་སྲང་ལམ་ཀུང་སིས་ལས་སྟེགས་མང་པོ་བརྒྱུད་སྔོན་ཚོང་དང་དྲ་ཐོག་ནས་ཕྱིར་ཚོང་བྱས་པ།དྲ་འོག་ཁེ་ལས་ཀྱི་མངགས་ཐོ་དང་རྒྱལ་ཡོངས་སྡེ་ཁུལ་གྱི་སྡེབ་ཉོའི་རྣམ་པར་མངགས་ཐོ་རྒྱ་མ་7000ལྷག་ཙམ་འབྱོར་བ་དང་ད་དུང་མུ་མཐུད་དྲིལ་བསྒྲགས་དང་ཕྱིར་ཚོང་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོ་ནི་ཚ་སྐམ་རོང་གཞུང་གི་ཟབ་སར་ཆགས་ལ། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་སྟེ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་བྱེ་ས་མང་བ། ས་རྒྱུའི་ཆུ་འདང་ངེས་ཡོད་པ་རེད། རྒྱ་སིལ་ནི་ཉི་ཤར་བདེ་སྐྱིད་གྲོང་ཚོའི་སྲོལ་རྒྱུན་དཔལ་འབྱོར་ནགས་ཤིང་གི་གྲས་ཤིག་ཡིན་ལ་ས་གནས་དེ་གའི་ཁྱད་ཆོས་ཆེ་ཤོས་ལྡན་པའི་ཞིང་ལས་ཐོན་རྫས་ཤིག་ཀྱང་ཡིན།

    ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོའི་གྲོང་མི་སྐལ་བཟང་ཕུན་ཚོགས་ཀྱིས་1991ལོར་གྲོང་མིའི་སྣེ་ཁྲིད་དེ་བྱེ་ཐང་མུའུ་38་གསར་སྦོལ་བྱས་ནས་རྒྱ་སིལ་འདེབས་འཛུགས་བྱས།ལོ་10ཡི་རིང་འཚར་ལོངས་བྱུང་བ་བརྒྱུད་རྒྱ་སིལ་མུའུ་38དེ་དག་ཐོག་མའི་ཤིང་འབྲས་རྒྱ་མ་སྟོང་ཕྲག་ཁ་ཤས་ནས་ད་ཆའི་ཤིང་འབྲས་རྒྱ་མ་ཁྲི་5ལྷག་ཙམ་བར་སྨིན་པ་དང་རྒྱ་སིལ་ཁྲོམ་རར་བཏོན་མ་ཐག་མགྱོགས་མྱུར་བཙོངས་ཚར་བ་དེས་གྲོང་མི་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།འདི་ལོའི་ཟླ་5པར་གྲོང་ཚོའི་ནང་ད་དུང་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པས་རྟེན་གཞིའི་དོ་དམ་དེ་བས་ཚད་ལྡན་དུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་བདེ་སྐྱིད་གྲོང་ཚོས་“ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད་”བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འདེབས་འཛུགས་བྱེད་སྟངས་འཕེལ་རྒྱས་བཏང་བས་གཞི་ཁྱོན་ངེས་ཅན་ལྡན་པའི་རྒྱ་སིལ་ལྡུམ་ར་རགས་ཙམ་ཆགས་ཡོད་པ་རེད། གྲོང་མི་ཚོ་ཆུང་གི་ཙུའུ་ཀྲང་བྱམས་པ་ཚུལ་ཁྲིམས་གྱིས་གསར་འགོད་པར་དེ་སྔ་གྲོང་མི་ཚོས་ས་ཞིང་འདེབས་པར་བརྟེན་ནས་འཚོ་ཐབས་བྱེད་པ་ལས་ཐབས་གཞན་མེད་པ་དང་རྒྱ་སིལ་གྱི་ཐོན་ལས་འཕེལ་རྒྱས་སོང་བ་དང་ཆབས་ཅིག་ཚང་མའི་ཕྱུག་འགྱུར་ཐབས་ལམ་ཡང་མི་ཉུང་བ་ཞིག་རྒྱ་ཆེར་ཕྱིན་ཡོད། རྒྱ་མ་རེར་སྒོར་5ཡི་རིན་གོང་གཞིར་བཟུང་ལོ་ལྟར་དུད་ཚང་རེར་ཆ་སྙོམས་རྒྱ་མ་1200ཡས་མས་ཀྱི་རྒྱ་སིལ་རག་ནས་དུད་ཚང་རེར་ཡོང་འབབ་སྒོར་6000ཡས་མས་ཡོང་གི་ཡོད་ཅེས་བཤད།