དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང་བཏོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-11   རྩོམ་ཁུངས།    中央广播电视总台藏语

    ཚེས་9ཉིན། 《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》གི་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་སྐོང་འཚོགས་བྱས་ཤིང་། དཔེ་ཚོགས་འདིའི་ནང་དགུང་ལོ་དགུ་བཅུ་གོ་གསུམ་ལ་ཕེབས་པའི་བོད་རིག་པ་མཁས་ཅན། སྐད་བརྡ་རིག་པ་མཁས་ཅན་རྒན་དཔའ་རིས་སངས་རྒྱས་ལགས་ཀྱི་1979ལོ་ནས་ད་བར་གྱི་རིག་གཞུང་ཆེད་རྩོམ་བསྡུས་ཡོད་པ་དང་ཁྱོན་ཡིག་འབྲུ་ཁྲི་300ལྷག་ཡོད། 

      《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》དེར་པོད་དགུ་ཡོད་ཅིང་། དེ་དག་ནི《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》དང་། 《དག་ཡིག་རིག་པ་གབ་པ་མངོན་ཕྱུང》《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》《སྡེབ་སྦྱོར་རིག་པའི་སྲོལ་འབྱེད་ངག་གི་རོལ་མཚོ》《དཔེ་ཆོས་ཚིག་མཛོད》《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ》《བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན》《ལེགས་བཤད་དབྱིག་མཛོད》《དཔའ་རིས་སངས་རྒྱས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》བཅས་ཡིན།

       དཔའ་རིས་སངས་རྒྱས། མཚན་གཞན་ལ་མཱ་ཅིན་ཝུའུ་ཟེར། 1931ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་དུ་འཁྲུངས། ཁོང་ནི་བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་བོད་ཀྱི་བརྡ་སྤྲོད་རིག་པའི་མཁས་དབང་ཆེན་མོ་ཡིན། 1955ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། དགེ་རྒན་གྱི་ཕྱག་གནས་སུ་མི་ལོ་ལྔ་བཅུ་ལྷག་ཙམ་ལ་སློབ་ཁྲིད་དང་ལོ་ཙཱ། སློབ་དེབ་རྩོམ་སྒྲིག སློབ་གཞི་འཆར་འགོད། སློབ་མ་བདག་གཉེར། སློབ་གླིང་དོ་དམ་སོགས་ཀྱི་ལས་དོན་འཕྱུགས་མེད་དུ་བསྒྲུབས་གནང་ཞིང་། ཞོར་ལ་བོད་ཀྱི་རིག་གནས་སྤྱི་དང་ཡང་སྒོས་བརྡ་སྤྲོད་དང་མངོན་བརྗོད། སྡེབ་སྦྱོར། ཚིག་མཛོད་བཅས་ཐ་སྙད་རིག་གནས་ཀྱི་གནས་རེ་རེ་ནས་བརྩམས་པའི་བསྟན་བཅོས་གྲགས་ཅན་མང་པོ་ཞིག་མ་པར་སྐྲུན་གནང་ནས་བོད་ཀྱི་རིག་གཞུང་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་གནང་ཡོད།

       རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དོན་གྲུབ་དབང་འབུམ་གྱིས། རྒན་དཔའ་རིས་སངས་རྒྱས་ལགས་ནི་ཀྲུང་གོ་གསར་པས་གསོ་སྐྱོང་བྱས་པའི་ཆེད་ལས་ཤེས་ལྡན་མི་སྣ་ཞིག་ཡིན་པ་དང་། ལོ་བཅུ་ཕྲག་ཁ་ཤས་རིང་ཤེས་སྟོབས་ལ་བརྟེན་ནས་བོད་རིག་པའི་སློབ་གསོ་དང་ཞིབ་འཇུག་བྱ་གཞག་ལ་དཔའ་ངར་ཆེན་པོས་དཀའ་སྤྱད་གནང་ཞིང་། དཔེ་ཁྲིད་མི་སྐྱོང་དང་ཧུར་ཐག་འབད་ཐག་གིས་ཚན་ཞིབ་ལས་དོན་བསྒྲུབས་གནང་ཡོད། ཡིག་འབྲུ་ཁྲི་300ཡི་རྩོམ་ཡིག་ནང་སྐད་ཡིག་རིག་ཚན་གྱི་ཁྱབ་ཁོངས་མང་པོ་ཚུད་ཡོད་ཅེས་གསུངས་པ་རེད། 

       ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་འགོ་འཛིན་ཧུང་ཐའོ་ཡིས། རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་མི་རིགས་སློབ་གསོ་དང་སྐད་བརྡ་རིག་པའི་ཞིབ་འཇུག་ཕྱག་ལས་མཛད་དེ་དུས་རབས་ཕྱེད་ཀ་ལས་བརྒལ་བ་དང་། གསར་གཏོད་རང་བཞིན་ལྡན་པའི་གསུང་རྩོམ་འབོར་ཆེན་བརྩམས་གནང་ཐོག མི་རིགས་སྐད་བརྡ་རིག་པའི་བྱ་གཞག་འཕེལ་རྒྱས་དང་རྒྱ་བོད་སྐད་བརྡ་རིག་པའི་ཤེས་ལྡན་མི་སྣའི་གསོ་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་རིགས་ཀྱིས་ཚད་མཐོའི་གདེང་འཇོག་དང་ཁས་ལེན་ཡང་གང་ལེགས་ཐོབ་ཡོད། 《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》དེར་ཁྱོན་པོད་དགུ་ཡོད་ཅིང་། འདི་ནི་དཔའ་རིས་སངས་རྒྱས་ལགས་ཀྱིས་རང་རྒྱལ་གྱི་བོད་རིག་པའི་ལས་རིགས་དང་སྐད་བརྡ་རིག་པའི་ལས་རིགས་ལ་ཕུལ་བའི་རིག་གཞུང་དང་རིག་གནས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།