ལུའོ་ཁྲའོ་ཧྥུང་གིས་རུ་སྣེ་ཁྲིད་དེ་རང་ཁུལ་གྱི་དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་བརྟག་ཞིབ་ཚོགས་ཆུང་གིས་ཡུན་ནན་དུ་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོའི་ལྟ་སྐུལ་ཆེད་དོན་བརྟག་ཞིབ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས5ཉིན་ནས་ཚེས6ཉིན་ལ།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་ཁུལ་ཚན་ཁག་བཞིའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་རྫོང་(གྲོང་ཁྱེར་)གསུམ་གྱི་འབྲི་ཆུའི་རྒྱུད་ཀྱི་ཤང་གྲོང་དུ་བསྐྱོད་དེ་དམངས་གཙོའི་མནའ་མཐུན་ཚོགས་པའི་ཀྲུང་དབྱང་བརྟག་ཞིབ་ཚོགས་ཆུང་གིས་ཡུན་ནན་དུ་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོའི་ལྟ་སྐུལ་ཆེད་དོན་བརྟག་ཞིབ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་ཤང་གྲོང་ཁག་གི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་དང་དགུན་དུས་ནགས་ཚལ་མེ་ཟོན་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཧྲེང་ཞང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བརྟག་ཞིབ་དུ་ཕེབས།

    ཅིན་ཅང་གྲོང་རྡལ་དང་ཧྲང་ཅང་གྲོང་རྡལ། མཐའ་ཆུ་གྲོང་རྡལ། ཀོང་རྩེད་ར་གྲོང་རྡལ། ཐང་སྟེང་ཤང་སོགས་ཤང་དང་གྲོང་རྡལ་དུ། ལུའོ་ཁྲའོ་ཧྥུང་དང་བཅས་པས་ཡུལ་དངོས་སུ་མཚོ་རྒྱུད་སྲུང་སྐྱོང་ཉམས་གསོ་དང་། ཆུའི་སྣོད་བཅུད་སྲུང་སྐྱོང་། ལམ་རྒྱུད་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ཁོང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་འབྲི་ཆུའི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་སླར་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་བཅོས་སྒྲིག་ལ་དམ་འཛིན་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུས་ཏེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལ་སྣོད་བཅུད་ཀྱི་ཕན་འབྲས་དང་།དཔལ་འབྱོར་གྱི་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

    མཐའ་ཆུ་གྲོང་རྡལ་དུ།ལུའོ་ཁྲའོ་ཧྥུང་དང་བཅས་པས་གྲོང་གསེབ་དང་དམངས་སྲོལ་མགྲོན་ཁང་དུ་ཕེབས་ནས་ཕྱུག་འགྱུར་སྣེ་ཁྲིད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཁྲོད་ལྷག་པའི་གནད་དོན་དང་དཀའ་ངལ་ཤེས་རྟོགས་གཏིང་ཟབ་གནང་བ་རེད།ཁོང་གིས་གྲོང་མི་ཚོར་ཡིད་ཆེས་བརྟན་དུ་གཏོང་བ་དང་འབད་འཐབ་ཧུར་ཐག་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་གྲོང་གསེབ་ཡུལ་སྐོར་གྱི་ཕྱུག་འགྱུར་ལམ་བུ་དེར་ཡག་པོ་སྐྱོད་དགོས་པའི་སྐུལ་ལྕག་གནང་བ་རེད།ཁོང་གིས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རྣམ་གསར་པ་སྐྱེད་སྲིང་དང་གསར་གཏོད་གང་ཐུབ་བྱེད་པ་དང་།ས་གནས་དེ་གའི་སྐྱེ་ཁམས་ཐོན་ཁུངས་དང་།ཞིང་ལས་ཐོན་ཁུངས།རིག་གནས་ཐོན་ཁུངས་སོགས་ཀྱི་དགེ་མཚན་སྔོག་འདོན་གཏིང་ཟབ་དང་བེད་སྤྱོད་གང་ལེགས་བྱས་ཏེ།ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་།ཞིང་ལས་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་གཏོང་བ་དང་།ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་སྟོབས་ལྡན་དུ་གཏོང་བ།ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

    བརྟག་ཞིབ་ཁྲོད་ལུའོ་ཁྲའོ་ཧྥུང་གིས་ད་དུང་ནགས་ཚལ་མེ་ཟོན་ལས་དོན་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་གནང་བ་རེད།ཁོང་གིས་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་བློ་བརྟན་དུ་བཏང་ནས་མེ་ཟོན་གྱི་འགན་འཁྲི་ནན་དུ་གཏོང་བ། ནགས་སྲུང་བ་དང་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ། དྲ་མིག་མི་སྣ་སོགས་གཞི་རིམ་གྱི་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱས་ཏེ་མེ་ཟོན་གྱི་འགན་འཁྲི་“མཐའ་མའི་སྤྱི་ལེ་གཅིག”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།མེ་ཁུངས་དོ་དམ་ཚོད་འཛིན་དང་། ལས་རེས་བཀོད་གཏོང་། སྐོར་ཞིབ་སྐོར་སྲུང་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་མེ་སྐྱོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་རྒྱུན་མཐུད་བྱས་ནས་ནགས་ཚལ་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་ཁྲེན་ཆུན།ཡུས་ཡུང་ཧོང་།ཀྲོང་ཞའོ་ཕིང་བཅས་དང་།རྫོང་དང་གྲོང་ཁྱེར་ཁག་གི་འགོ་ཁྲིད་གཙོ་བོ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་བརྟག་དཔྱད་ཞིབ་འཇུག་ལ་ཞུགས་ཡོད།པདྨ་མཚོས་བསྒྱུར།