བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་430བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་430འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དེས་རྨོ་ཞིང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་65བཟུང་ཡོད་པ་རེད།

        ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་རྨོ་ཞིང་བསྒྱུར་བཀོད་ལག་བསྟར་ཧུར་ཐག་བྱས་པ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་བསྐྲུན་བྱས་པ་བརྒྱུད་དེ་ས་ཞིང་གི་ཆུ་བེད་དང་ཞིང་ནང་ལམ་ཆུང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་རྨོ་ཞིང་གི་སྤུས་ཚད་དང་འབྲུ་རིགས་ཀྱི་ཐོན་འབབ་མཐོ་རུ་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

        ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་སྤྱི་ལོ་2022ལོར་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་འགན་དེ་མུའུ་ཁྲི་75ཡིན་པ་དང་། རིམ་རྩིས་བྱས་ན་མུའུ་ཁྲི་74.84འཛུགས་བསྐྲུན་བྱས་པས་ལས་འགན་ལེགས་འགྲུབ་ཐུབ་ཚད་བརྒྱ་ཆ་99.8ཟིན་ཡོད། སྤྱི་ལོ་2023ལོར་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་འགན་དེ་མུའུ་ཁྲི་60ཡིན་པ་དང་། མིག་སྔར་མུའུ་ཁྲི་41.44བསྐྲུན་ཟིན་ཡོད། དེའི་ཁྲོད་དུ་གསར་དུ་འཛུགས་བསྐྲུན་བྱས་པ་མུའུ་ཁྲི་18.03དང་། བསྒྱུར་བཀོད་རིམ་སྤོར་བྱས་པ་མུའུ་ཁྲི་23.41ཡོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་ཀྱི་དབང་གིས་བོད་ལྗོངས་སུ་རྨོ་ཞིང་ཐ་ཐོར་དང་། གཟར་ཚད་ཆེ་བས་ས་ཞིང་འཛུགས་སྐྲུན་བྱེད་པར་མ་དངུལ་གཏོང་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ནས་མུའུ་རེར་སྒོར་2000ཡས་མས་གཏོང་དགོས་ཀྱི་ཡོད།

        བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པ་དེས་གཅིག་ནས་ཞིང་ལས་ཀྱི་སྣེ་རིགས་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་ཚད་མགྱོགས་སུ་དང་། རྨོ་འདེབས་བརྔ་གསུམ་འཕྲུལ་ཆས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་ཐུབ་པ་དང་། གཉིས་ནས་ས་ཞིང་ལ་ཞིང་ཆུ་པའི་ཆ་རྐྱེན་ལེགས་སུ་བཏང་བ་བརྒྱུད་དེ་རྨོ་ཞིང་གི་སྤུས་ཚད་ཀྱང་རིམ་གྱིས་ལེགས་སུ་སོང་ནས་འབྲུ་རིགས་ཀྱི་ཐོན་འབབ་མཐོ་རུ་གཏོང་ཐུབ་ཅེས་གསུངས་ཡོད་པ་རེད།