རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-06   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
ཉེ་ལམ། རྔ་བ་རྟ་མགྲིན་གྱིས་སྒྲིག་སྒྱུར་བྱས་པའི་དེབ«བདེ་ཐང་རྒྱུན་ཤེས། ལྗང་ལོ་ཕྱོགས་བསྒྲིགས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།
«བདེ་ཐང་རྒྱུན་ཤེས། ལྗང་ལོ་ཕྱོགས་བསྒྲིགས»ཞེས་པའི་བསྒྱུར་དེབ་འདིའི་རྒྱུ་ཆའི་འབྱུང་ཁུངས་གཙོ་བོ་ནི《百度知识大全》སྟེ་ཤེས་བྱའི་རྣམ་གྲངས་སྣ་འཛོམས་ཀྱི་ཚད་ལྡན་དེབ་ཕྲེང་ལས་བདེ་ཐང་གི་སྐོར་དང་། གཞན་ཡང་ཚན་རིག་པ་དང་གསོ་རིག་པའི་ཚོགས་སྡེ་ཁག་གིས་འདོན་སྤེལ་བགྱིས་པའི་ཚད་ལྡན་གྱི་ཡིག་ཆ་དག་ལས་བདམས་ཏེ་མ་ཡིག་བསྒྲིགས་ཤིང་། དེ་ལ་ཆད་པ་གསོ་བ་དང་ལྷག་པ་ཕྲི་བ་བགྱིས་ཏེ་ལྟོས་འཇོག་གིས་ཁོངས་ཐུབ་ཚད་ལྡན་དུ་ངེས་པས་ཀུན་གྱིས་ཡིད་རྟོན་བྱ་རུང་།
ལེའུ་བཞིར་བགོས་པའི་དེབ་འདིའི་ལེའུ་དང་པོར་ང་ཚོའི་དུས་རྒྱུན་འཚོ་བའི་ཁྲོད་དོན་སྣོད་ཀྱི་འདུ་བ་སྙོམས་པོ་མིན་པའི་རྒྱུན་མཐོང་གི་ནད་མང་པོ་ཞིག་སྟེ། དཔེར་ན། ཆམ་ནད་དང་ཁྲག་ཤེད་མཐོ་དམའ། ཕོ་ཁའི་ནད་དང་གཅིན་པ་མངར་འགྱུར། སྙིང་ནད་དང་། བཤལ་ནད། རྒྱང་སྒྲིབ་མིག་ནད་དང་འབྲས་སྐྲན་གྱི་རིགས་སོགས་ནད་མང་པོ་ཞིག་ལས་སླ་བོས་སྔོན་འགོག་དང་གསོ་བཅོས་ཀྱི་ཐབས་ཚུལ་ཏེ་ཐ་ན་སོ་གནས་བདེ་སྲུང་དང་རྐང་རུལ་བཅོས་ཐབས་ཡན་གྱི་ཤེས་བྱ་མང་དུ་བསྟན་ཡོད།
ལེའུ་གཉིས་པར་ཟས་ཀྱི་སྤང་བླང་ཚུལ་བཞིན་བགྱིས་ན་ཕྱི་རོལ་གྱི་རྫས་གཤགས་སྨན་བཅོས་ལ་མ་ལྟོས་པར། ནད་མང་པོ་དྲག་སྐྱེད་ཐུབ་པར་བསྟན་ཏེ་དཔེར་ན། མིའི་ཚེ་ཐག་རིང་བྱེད་ཀྱི་ཟས་རིགས་དང་། ཟས་ཐུན་གསུམ་གྱི་བཟའ་ལུགས། རྩི་ཤིང་གང་དག་གིས་ལུས་ལ་གནོད་པའི་དངོས་རྫས་རིགས་བསྡུ་ལེན་ཐུབ་ཚུལ། དེ་བཞིན་པགས་མདོག་དཀར་ཐབས་དང་། ཤ་གཅོག་ཐབས། བདེ་ཐང་རང་བཞིན་གྱི་ཉལ་སྟངས། སྐྲ་དང་ལུས་པོ་བཀྲུ་ཚུལ། ཞོ་དང་འོ་མ། ཇ་དང་ཆུ་ཁོལ་ཚིག་ཇ་སོགས་བཏུང་ཚུལ་ཡན་ཏེ་མདོར་ན་ཟ་ཉལ་འགྲོ་འདུག་དང་། དུས་བཞིའི་འགྱུར་བ་དང་འཚམ་པའི་སྤང་བླང་གི་རིགས་མང་དུ་བསྟན་ཡོད།
ལེའུ་གསུམ་པར་འཚོ་བའི་ཁྲོད་ཀྱི་མན་ངག་ཆུང་ངུའི་སྐོར་ཏེ་ལག་ལེན་ལ་བསྟར་བདེ་བ་དང་། གོ་བ་ལེན་བདེ་ཞིང་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་མན་ངག་གི་སྐོར་དང་། ལེའུ་བཞི་པར་ལུས་ཀྱི་རྩ་དང་རྒྱུས་པའི་གནས་སམ་གསང་མིག་བཙལ་ཏེ། ཕོ་བའི་འཇུ་ནུས་དང་མཆིན་པ་དང་མཁལ་མའི་དུག་སེལ། རྒྱུ་མའི་བསྡུ་ལེན་སོགས་ལུས་ཁམས་ཀྱི་ནུས་པ་མང་པོ་གསོ་བ་དང་ནད་རིགས་འགོག་བཅོས་ལ་ཕན་པ་ཆེ་བའི་གསང་མིག་གི་རིགས་དེ་དག་རི་མོའི་ལམ་ནས་གསལ་བོར་བསྟན་ཡོད་དོ། །
ལོ་ཙཱ་བ་ངོ་སྤྲོད་མདོར་བསྡུས།
དེབ་འདི་ཉིད་ཀྱི་སྒྱུར་སྒྲིག་མཁན་མཁན་པོ་རྟ་མགྲིན་ལགས་ནི་སྤྱི་ལོ1973ལོར་རྔ་བ་གནམ་མཚོ་མ་སྡེ་བར་སྐྱེས་ཤིང་། དགུང་ལོ་བདུན་གྱི་སྟེང་གནམ་མཚོ་དགོན་དུ་རབ་ཏུ་བྱུང་ནས་ཐོས་བསམ་སློབ་གཉེར་གནང་། སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱང་ཐོབ་ཀྱི་ཡོན་ཏན་གང་ཐད་ནས་གཞན་དང་མི་འདྲ་བའི་ཁྱད་ཆོས་རང་ཆས་སུ་མངའ་བས། དགུང་ལོ་བཅུ་གཉིས་ཡས་མས་ནས་བཟུང«དཔལ་སྤྲུལ་སྔོན་འགྲོ»དང«སྤྱོད་འཇུག»སོགས་ཀྱི་ཆོས་སྦྱིན་སྩོལ་ལ་དཀའ་བ་མེད་པར་གྱུར། དགུང་ལོ་བཅུ་དགུའི་དུས་སུ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕྱིན་ནས་བགྲང་བྱ་བཅུ་ལྷག་རིང་ལ་མཁན་ཆེན་འཇིག་མེད་ཕུན་ཚོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས། མདོ་སྔགས་རིག་གནས་སོགས་ལ་སྦྱང་བ་གནང་བ་མ་ཟད་དབང་ལུང་མན་ངག་གི་གདམས་པའང་མང་དུ་གསན་ནས་སློབ་གླིང་དེ་གར་མཁན་པོའི་མཚན་གནས་བཞེས། སྤྱི་ལོ2002ནས་བཟུང་དམ་པའི་ཆོས་སྤེལ་བ་དང་སེམས་ཅན་ལ་ཕན་པ་སྒྲུབ་པའི་འོས་འགན་ཕྲག་ཏུ་བཞེས་ཏེ། བོད་དང་རྒྱ་སོགས་ཀྱི་མི་རིགས་གཙོར་བྱས་པའི་འཛམ་བུ་གླིང་གི་མི་རིགས་འདྲ་མིན་ལ་ཆོས་ཀྱི་བདུད་རྩི་མང་དུ་བསྩལ་ལ། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཐབས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་ཕྱག་ལས་མང་པོ་གནང་། ཁོང་ནི་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་ལ་བྱང་ཆུབ་པ་མ་ཟད། སེམས་ཅན་ཀུན་ལ་ཕན་པའི་ཕྱག་ལས་ཅི་གནང་ཐམས་ཅད་གཟབ་ནན་གྱིས་མཛད། ད་དུང་སྙིང་རུས་ཆེན་པོས་སྐད་རིགས་འདྲ་མིན་དང་ཤར་ནུབ་མཚན་ཉིད་རིག་པ། སེམས་ཁམས་རིག་པ་སོགས་གཞུང་ལུགས་ལ་སློབ་གཉེར་བགྱིས་དང་བགྱི་བཞིན་ཡོད་ལ། གཞན་ད་དུང་ཁོང་གིས་འབད་བརྩོན་གྱིས་ཚེ་ཐར་སྲོག་བླུ་དང་སློབ་གསོ་སོགས་ཀྱི་དགེ་ལས་བྱ་བའི་ཐད་ཀུན་གྱིས་ཡི་རངས་བྱེད་པའི་ཕྱག་ལས་རྒྱ་ཆེར་གནང་དང་གནང་བཞིན་ཡོད།