བོད་ལྗོངས་ཀྱི་གླུ་བྲོའི་ཟློས་གར«གནམ་མཐའི་སྐལ་བཟང་མེ་ཏོག»ལ་ཞང་ཀང་ནས་དགའ་བསུ་ཆེན་པོ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-05   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        “ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར”བྱ་འགུལ་གྱི་མགོ་ཚུགས་མཛད་སྒོ་ཉིན་ཤས་སྔོན་ཞང་ཀང་རིག་གནས་ལྟེ་གནས་སུ་སྤེལ་ཞིང་། མི་རིགས་གླུ་བྲོའི་ཟློས་གར«གནམ་མཐའི་སྐལ་བཟང་མེ་ཏོག»ཚེས1ནས་བཟུང་བསྟུད་མར་མཚན་མོ་གཉིས་ལ་ཞང་ཀང་རིག་གནས་ལྟེ་གནས་སུ་འཁྲབ་སྟོན་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

པར་འདི་ནི་ཟླ12པའི་ཚེས1ཉིན་པར་བླངས་པའི་འཁྲབ་སྟོན་ཡུལ་དངོས་ཡིན།

        བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་མི་རིགས་གླུ་བྲོའི་ཟློས་གར«གནམ་མཐའི་སྐལ་བཟང་མེ་ཏོག»མི་རིགས་ཞབས་བྲོ་དང་མཉམ་སྒྲོག་རོལ་དབྱངས་ཟུང་འབྲེལ་རྣམ་པས་བོད་ལྗོངས་ཁྱིམ་ཚང་སྤྱིར་བཏང་ཞིག་གི་མི་རབས་གཉིས་ཀྱིས་རང་བྱུང་ཆ་རྐྱེན་ཚ་དྲག་འོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་གཏམ་རྒྱུད་བརྗོད་ཀྱིན་ཡོད།

        འཁྲབ་སྟོན་མཚན་མོ་དང་པོར་ལྟད་མོ་པ1200ཡུལ་དངོས་སུ་ཡོང་ཞིང་འཁྲབ་སྟོན་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། འཁྲབ་སྟོན་པས་འཁྲབ་མཇུག་གུས་འདུད་ཞུ་སྐབས་ལྟད་མོ་པའི་ཐལ་མོ་རྡེབ་སྒྲ་ཡུན་རིང་དུ་གྲགས་བྱུང་། “འཁྲབ་སྟོན་པ་ཚོས་མི་སེམས་འགུགས་པའི་དབྱངས་རྟ་དང་མཛེས་སྡུག་ལྡན་པའི་སྟངས་སྟབས། ཕུལ་དུ་བྱུང་བའི་འཁྲབ་རྩལ་གྱིས་གར་སྟེགས་སྟེང་འཁྲབ་བཞིན་པའི་གཏམ་རྒྱུད་ལ་དབང་མེད་དུ་དགའ་ཞིང་། ངོ་མཚར་ལྡན་པའི་འཁྲབ་སྟོན་གྱིས་ཀྱང་ང་ཚོར་གངས་ལྗོངས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མི་ཆོས་གོམས་སྲོལ་ཤེས་སུ་བཅུག”ཅེས་ཞང་ཀང་གི་བུད་མེད་ཀྲུའུ་ཡིས་དེ་ལྟར་བརྗོད།

པར་འདི་ནི་ཟླ12པའི་ཚེས1ཉིན་པར་བླངས་པའི་འཁྲབ་སྟོན་ཡུལ་དངོས་ཡིན།

        མི་རིགས་གླུ་བྲོའི་ཟློས་གར«གནམ་མཐའི་སྐལ་བཟང་མེ་ཏོག»འཁྲབ་སྟོན་བྱས་པ་མ་གཏོགས། “ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར”བྱ་འགུལ་ཁྲོད་ད་དུང«ཁམས་བཟང·ངོ་མཚར—བོད་ལྗོངས་རིག་གནས»དམིགས་བསལ་འགྲེམ་སྟོན་དང“གངས་ལྗོངས་ཀྱིས་ཀྲུང་ཧྭ་ལ་བསྟོད་པའི—བོད་ལྗོངས་གཟུགས་འདས་གླུ་གར་སློབ་རར་བསྐྱོད་པའི”བརྗེ་རེས་འཁྲབ་སྟོན། དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི་འོས་སྦྱོར་བྱ་འགུལ་བཅས་རབ་དང་རིམ་པ་སྤེལ།

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རྒྱ་རུ·བློ་བཟང་བསྟན་འཛིན་གྱིས་ཚེས1ཉིན་བྱ་འགུལ་སྤེལ་མགོ་ཚུགས་པའི་མཛད་སྒོ་སྟེང་གསུང་བཤད་གནང་ནས་བསྟན་དོན། ཞང་ཀང་ནི་གསོན་ཤུགས་ལྡན་ཞིང་སྒོ་འབྱེད་ཀྱི་གྲོང་ཁྱེར་ཞིག་ཡིན་པས། ཐེངས་འདིའི“ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར”བྱ་འགུལ་ཁྲོད་བོད་ལྗོངས་ཀྱི་མི་རིགས་ཁྱད་ཆོས་ལྡན་པའི་གླུ་བྲོའི་ཟློས་གར་འཁྲབ་སྟོན་དང་རིག་གནས་གསར་སྐྲུན་ཐོན་རྫས་རྩེ་གྲ་འགྲེམ་སྟོན། ཐུན་མོང་མ་ཡིན་པའི་དམངས་ཁྲོད་ལག་རྩལ་སྒྱུ་རྩལ་སོགས་བརྒྱུད་དེ་གསོན་ཉམས་ལྡན་པའི་ངང་དུས་རབས་འདིའི་བོད་ལྗོངས་ཀྱིས་ཕྱོགས་སོ་སོ་ནས་བླངས་པའི་གྲུབ་འབྲས་གཡུར་ཟ་མངོན་པ་མ་ཟད། བོད་ལྗོངས་ཀྱི་མི་རིགས་སོ་སོའི་བདེ་སྐྱིད་འཚོ་བ་དང་མཐུན་སྒྲིལ་འཆམ་མཐུན། དུས་བསྟུན་མཉམ་སྤྱོད་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་མངོན་ཡོད། ཡང་འཁྲབ་སྟོན་བརྒྱུད་དེ་ས་གནས་གཉིས་ཀྱི་མང་ཚོགས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་མཛའ་བརྩེ་འབྲེལ་བ་བཙུགས་ནས་སྟེགས་བུ་རྒྱ་བསྐྱེད་པས་བོད་ལྗོངས་དང་ཞང་ཀང་གཉིས་ཀྱི་རིག་གནས་བརྗེ་རེས་དང་འཕེལ་རྒྱས། མང་ཚོགས་ཕན་ཚུན་བར་བརྗེ་རེས་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བཏང་།

        ཙི་ཅིན་རིག་གནས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་བུན་ཧོང་ཕུན་གྱི་བྱ་འགུལ་མགོ་ཚུགས་མཛད་སྒོ་ཐོག་ཤིས་ཚིག་འབུལ་སྐབས། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལྗོངས་རིག་གནས་ནི་ཀྲུང་ཧྭའི་ཁྱིམ་ཚང་ཆེན་པོ་ནང་གི་འབྲལ་ཐབས་མེད་པའི་གྲུབ་ཆ་གཙོ་བོ་དང་ཀྲུང་ཧྭ་རིག་གནས་ནོར་མཛོད་ནང་གི་རིན་པོ་ཆེ་ཡིན། ཐེངས་འདིའི“ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར”བྱ་འགུལ་སྤེལ་བ་དེས་རྣམ་པ་མང་པོའི་བོད་ལྗོངས་རིག་གནས་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་འགུགས་ཤུགས་དང་རྒྱུན་འཛིན་མཛེས་སྡུག་མངོན་པ་མ་ཟད། ཞང་ཀང་མང་ཚོགས་ཀྱིས་གང་ལྗོངས་མཐོ་སྒང་གི་རྒྱུས་ལོན་གཏིང་ཟབ་བཏང་ནས། བོད་ལྗོངས་དང་ཞང་ཀང་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་འབྲེལ་ལ་སྐུལ་འདེད་བྱས། ཙི་ཅིན་རིག་གནས་ཚོགས་པས་ཞང་ཀང་ལས་རིགས་ཁག་གི་མི་སྣས་མཉམ་དུ་ཞང་ཀང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱིས་འཁྲབ་སྟོན་རྩེ་གྲ་སྔར་ལས་མང་བ་དང་འགྲམ་སྟོན་བྱ་རྒྱུ་ཡིན་ཞེས་བསྟན།

པར་འདི་ནི་ཟླ12པའི་ཚེས1ཉིན་པར་བླངས་པའི་འཁྲབ་སྟོན་ཡུལ་དངོས་ཡིན།

        ངོ་སྤྲོད་ལྟར་ན། “བདེ་མོ། དྭངས་གཙང་གི་མཐོ་སྒང་། ཕུན་སུམ་ཚོགས་པའི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་འཛིན་པའི«ཁམས་བཟང·ངོ་མཚར—བོད་ལྗོངས་རིག་གནས»ཁྱད་དོན་འགྲེམ་སྟོན་ཟླ11པའི་ཚེས29ཉིན་ནས་ཟླ12པའི་ཚེས2ཉིན་ཞང་ཀང་ཚོགས་ཁང་ཆེན་མོ་འགྲེམ་སྟོན་ཁང་ནས་ཞང་ཀང་གི་གྲོང་མི་ཡོངས་ལ་སྒོ་འབྱེད་པ་དང་། རིག་གནས་གཟའ་འཁོར་རིང་ལ་བོད་ལྗོངས་བོད་ཀྱི་ཟློས་གར་ཚོགས་པ་ཞང་ཀང་སློབ་གྲྭ་ཆུང་འབྲིང་ནང་བསྐྱོད་དེ་དགེ་སློབ་རྣམས་ལ་མི་རིགས་ཞབས་བྲོ་དང་རོལ་ཆས་དཀྲོལ་བ། སྲོལ་རྒྱུན་བོད་ལྭ་འགྲེམ་སྟོན་སོགས་འཁྲབ་སྟོན་བྱས་ནས་དགེ་སློབ་ཚོའི་དགའ་བསུ་ཐོབ།

        ཐེངས་འདིའི“ཀྲུང་གོའི་བོད་ལྗོངས་གཟའ་འཁོར”བྱ་འགུལ་ནི་རིག་གནས་པུའུ་དང་ཡུལ་སྐོར་པུའུ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཙི་ཅིན་རིག་གནས་ཚོགས་པས་མཛུབ་སྟོན་བྱས་ཤིང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་། ཞང་ཀང་སྒྱུ་རྩལ་མཉམ་འབྲེལ་སྒྲིག་གཞི་ཚད་ཡོད་ཀུང་སི་ཡིས་གཙོ་འགན་ཁུར་བ་རེད། །