ཞི་ཅིན་ཕིང་གིས“ལེང་ཀྲུའུ་གླེང་སྟེགས”སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-05   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

        ཟླ་12ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལེང་ཀྲུའུ་གླེང་སྟེགས”སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་གསུངས་དོན། ལེང་ཀྲུའུ་ཡི་གནའ་ཤུལ་ནི་ཀྲུང་ཧྭར་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་དཔང་པོ་ངོ་མ་རེད་ལ། འཛམ་གླིང་ཤེས་དཔལ་གྱི་མཆོག་ནོར་ཡང་རེད། ཡུན་རིང་བའི་ལོ་རྒྱུས་ཀྱི་ཆུ་གཞུང་རིང་པོར་ཀྲུང་ཧྭའི་ཤེས་དཔལ་གྱིས་གཞན་དང་མི་འདྲ་བར་གསར་རྩོམ་གསར་གཏོད་དང་གཅིག་རྒྱུན་གཅིག་འཛིན་གྱིས་བརྟན་སྲུང་མཐའ་འཁྱོངས་བྱས་ཏེ་ཤེས་དཔལ་གྱི་ཡང་རྩེ་རབ་དང་རིམ་པ་བཏོད་ཡོད། ཀྲུང་ཧྭའི་ཤེས་དཔལ་སྒོ་དབྱེ་བསྟུན་མཁས་དང་མཉམ་སྡུད་མཉམ་གསོག་གིས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་བ་དང་། རྒྱུན་རིང་གསར་གཏོད། འཛམ་གླིང་གི་ཤེས་དཔལ་མི་འདྲ་བའི་སྙིང་བཅུད་བསྡུ་ལེན་བཅས་བྱས་ནས་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕན་ཚུན་བརྩི་འཇོག་དང་། ཕྱར་བ་གྲུ་འདེགས། བདེ་སྡུག་མཉམ་མྱོང་། ལྷན་འཛོམས་མཉམ་གནས་བཅས་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་གཏོང་བའི་ཡང་དག་པའི་ལམ་བུ་ཞིག་རེད། ཕྱོགས་ཁག་གིས“ལེང་ཀྲུའུ་གླེང་སྟེགས”ཀྱི་ལས་སྟེགས་གང་ལེགས་སྤྱད་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་ཤེས་དཔལ་སྤེལ་རེས་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བ། ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་དར་སྤེལ་གཏོང་བ་བཅས་བྱས་ནས་ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་འགྲོ་འོང་དང་གྲོགས་པོ་སྒྲིག་པ། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

        “ལེང་ཀྲུའུ་གླེང་སྟེགས”སྐབས་དང་པོའི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ནས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། རིག་གནས་དང་ཡུལ་སྐོར་པུའུ་དང་། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་ཉིན་དེར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།