བདག་གི་ཕ་ཡུལ་སྲིབ་པ་སྡེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


 དོན་འགྲུབ་རྡོ་རྗེ། ༼བསང་ཆུ་རྫོང་བོད་དམངས་སློབ་ཆུང་།༽

བདག་གི་ཕ་ཡུལ་ནི་ཆས་པའི་གཤིས་སྲིབ་པ་སྡེ་བ་ཡིན་པ་དང་། སྲིབ་པ་སྡེ་བ་ནི་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན། སྡེ་བ་དེ་རུ་ཟ་ཁང་དང་ཚོང་ཁང་། སྔོ་ཚོད་ཁང་། གྲོང་རྡལ་དང་སློབ་གྲྭ་སོགས་ཡོད། གཡས་གཡོན་གྱི་ལུང་བའི་ཕུ་རུ་རི་ཆུ་ནགས་གསུམ་འཛོམས་ལ། མདའ་རུ་ཕྱོགས་བཞི་ལྕང་མས་བསྐོར་བའི་ཁོད་ཡངས་པའི་སྤང་ལྗོངས་ཡོད། སྤང་ལྫོངས་སུ་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པ་དང་། རྟ་ནོར་ལུག་གསུམ་ནི་ནམ་མཁའི་སྐར་ཚོགས་བཞིན་བགྲང་གིས་མི་ལང་ངོ་།།

དཔྱིད་ཀ་སླེབས་དུས། མི་རྣམས་ཀྱིས་ཞིང་ནང་དུ་འབྲུ་རིགས་ཀྱི་ས་བོན་འདེབས་པ་དང་། ལྡུམ་རའི་ནང་དུ་མེ་ཏོག་གི་ས་བོན་འདེབས་པ། སྤང་ལྫོངས་དང་རི་ངོས་སུ་ལྗོན་ཤིང་གི་མྱུ་གུ་འཛུགས་པ་སོགས་ཀྱི་ལས་ལ་བྲེལ་གྱི་ཡོད། ཟླ་གཅིག་ལྷག་འགོར་སྐབས་མྱུ་གུའི་མགོ་བོ་ཡར་དགྱེ་ནས་དཔྱིད་ཀྱི་དཔལ་མོར་བསུ་བ་བྱེད་པ་དང་འདྲ།

དབྱར་ཁ་སླེབས་དུས། སྔོ་ལྗང་ལྗང་གི་སྤང་ལྫོངས་སྟེང་ཁྲ་ཆིལ་ཆིལ་གྱི་མེ་ཏོག་སྣ་ཚོགས་བཞད་པ་དང་། སྡེ་བའི་རྒྱབ་རིའི་ནགས་ཚལ་དུ་གཡུ་ཡི་ལོ་མ་ཐགས་སུ་བཀྲ་བའི་གསོམ་སྡོང་དང་དྲི་ཞིམ་འཐུལ་བའི་ཤུག་སྡོང་སྟུག་པོར་རྒྱས་ཡོད་ལ། མིང་མི་ཐོགས་པའི་བྱ་བྱེའུའི་སྐད་སྙན་ནི་མཉམ་སྒྲོག་རོལ་མོ་དང་མཚུངས། ཚ་གདུག་ཆེ་བའི་ཉིན་ལ་ང་ཚོའི་སྡེ་བའི་བྱིས་པ་ཚོས་སྡོང་བོའི་གྲིབ་བསིལ་འོག་ཏུ་རྩེད་མོ་རྩེས་པ་དང་འཁྱག་དར་ཟོས་ན་ཧ་ཅང་ཁམས་དྭངས་ཡིན།

སྟོན་ཁའི་དུས་སུ། ཨ་ཕས་བཏབ་པའི་ལྡུམ་རའི་ནང་གི་མེ་ཏོག་གི་ཟེའུ་འབྲུ་དགོད་ཅིང་འཛུམ་པ་དང་། དེ་རུ་ཇ་འཐུང་ནས་བསྡད་ན་ངོ་མ་སྐྱིད་པོ་རེད། སྡེ་འདབས་ཀྱི་ཞིང་ཁ་ན་གསེར་མདོག་ལམ་ལམ་འཕྲོ་བའི་འབྲུ་རིགས་སྣ་སྔའི་མགོ་ལྩོག་ལྡེམ་ལྡེམ་གཡོ་ཞིང་། བུད་མེད་རྣམས་ཀྱིས་ཐག་པ་མཆན་ལ་བཙུར་ནས་ཞིང་ནང་གི་ལྡུམ་བུ་འབལ་བར་འགྲོ་བཞིན་པ་མཐོང་།

དགུན་ཁའི་དུས་སུ། སྡེ་བའི་རྒྱབ་རི་དང་མདུན་གྱི་རྩྭ་ཐང་། སྐྱ་ཐིང་ཐིང་གི་ཞིང་ས་སོགས་གང་སར་ཁ་བའི་གོས་དཀར་གྱིས་གཡོགས་ཤིང་། སྡེ་འདབས་ཀྱི་ལྷུང་ལྷུང་འབབ་པའི་ཆུ་བོ་འཁྱགས་པས་བསྡམས་པ་ན་དར་དཀར་ཡུག་གཅིག་རྒྱང་དུ་འཐེན་པ་དང་ཀུན་ནས་མཚུངས།

ངའི་ཕ་ཡུལ་སྲིབ་པ་སྡེ་བའི་དུས་བཞིའི་རྣམ་པ་ཧ་ཅང་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་བོད་དམངས་སློབ་ཆུང་ལོ་རིམ་ལྔ་བའི་འཛིན་གྲྭ་གཉིས་པའི་སློབ་མ་དོན་འགྲུབ་རྡོ་རྗེ།   མཛུབ་སྟོན་དགེ་རྒན། སྒྲོལ་དཀར་བཀྲ་ཤིས།