ལྕགས་ལམ་ཤར་གཏོང་བྱས་པའི་རྒྱབ་ངོས་ཀྱི་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ།

ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དངོས་སུ་ཤར་གཏོང་ལས་གཉེར་ཐུབ་པ། བདེ་ཆེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་གནང་ས་ཡིན་ལ། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་སྐྲུན་འགོ་ཚུགས་པ་དང་ཤར་གཏོང་ལས་གཉེར་ཐུབ་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུན་ནན་གྱི་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བའི་ཞིབ་ཕྲའི་མཚོན་ཚུལ་ཡིན་པ་དང་།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཡིན་ལ། སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགན་འཁྲི་འཁུར་ཕོད་པ་དང་ལག་བསྟར་བྱེད་ཕོད་པའི་རྒྱུགས་ལན་ཡག་ཤོས་ཀྱང་ཡིན། 

ཏང་གི་སྲིད་ཇུས་བཟང་པོ་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྩ་བ་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་རིང་། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དེ་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཀྱི་ནུབ་རྒྱུད་ལྕགས་ལམ་དང་ཏན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ནང་བཅུག་པ་དང་། འདི་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་བྱེད་ཐུབ་པའི་རྨང་གཞི་ཡིན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རིང་མཚོ་སྔོན་སོགས་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་འགྲེམས་སྤེལ་བྱས་ནས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུར་སེམས་ཤུགས་ཆེན་པོ་བསྣན་ཡོད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བདེ་ཆེན་ཁུལ་ལ་དམིགས་བསལ་གྱི་གཅེས་སྐྱོང་བྱས་ཡོད། ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་དང་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རིང་སྔ་རྗེས་སུ་མཐུན་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་ནས་ཞིང་ཆེན་རིམ་པའི་འགན་ནུས་སྡེ་ཚན་ཁག་གི་འགན་ནུས་དང་འགན་འཁྲི་ཁ་གསལ་བཟོས་བ་དང་།  ཞིང་ཆེན་སྲིད་གཞུང་གིས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྔ་རྗེས་སུ་ཁུན་མིང་དང་ས་དམ་སོགས་ས་ཆར་སྡེ་ཚན་མང་པོའི་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་ལྷག་འཚོགས་པ།  ཡུན་ནན་ནུབ་བྱང་ས་ཁུལ་བརྟན་བརླིང་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བར་སྐུལ་འདེད་གཏོང་ཆེད།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་བརྩོན་ལེན་ཤུགས་ཆེན་བྱས་ནས་2009ལོར་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དེ་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་གསར་དུ་ལས་འགོ་ཚུགས་པའི་གཙོ་གནད་ལས་གྲྭ་ཁག་18གྲས་སུ་ཚུད་པ། དེ་མ་ཟད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་དུང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་108.22བརྩོན་ལེན་བྱས་པ་མ་ཟད། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དེ་ཡུན་ནན་ཞིང་ཆེན་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རིང་གི་ཞིང་ཆེན་ཕྱི་ལ་ཐོན་པའི་བགྲོད་ལམ་བརྒྱད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ནང་བཅུག་སྟེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགན་འཁྲི་འཁུར་ཕོད་པ་དང་ལག་བསྟར་བྱེད་ཕོད་པ་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་ལེན་ཡིན།  སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། བདེ་ཆེན་ཁུལ་གྱིས་དུས་ཐོག་ཏུ་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་བཀོད་འདོམས་པུའུ་དང་ཁུལ་ལྕགས་ལམ་འཛུགས་སྐྲུན་གཞུང་དོན་ཁང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ས་ཆ་བསྡུ་ལེན་བཤིག་སྤོའི་བཀོད་འདོམས་པུའུ་བཙུགས་ནས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་དུས་འགོའི་ལས་ཀ་ལ་སྐུལ་འདེད་བཏང་།  2014ལོར་འཛུགས་སྐྲུན་ལས་འགོ་ཚུགས་པ་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐུན་སྦྱོར་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་ཨར་ལས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་བདེ་བླག་ངང་སྐུལ་འདེད་གཏོང་བ་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ལས་ཀའི་ཆེད་དོན་ཚན་པ་བཙུགས་ཏེ་སྐབས་རིམ་བྱུང་གི་ཁུལ་དཔོན་གྱིས་ཙུའུ་ཀྲང་བྱེད་པ་དང་ཁུལ་(གྲོང་ཁྱེར་)འགན་ནུས་སྡེ་ཚན་གྱི་གཙོ་འགན་འཁུར་མཁན་གྱིས་ཁོངས་མི་བྱས་ཏེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཨང་དང་པོར་བཞག་ནས་གཙོ་གནད་ལས་ཀའི་ཉིན་རེའི་ལས་རིམ་ནང་བཅུག་པ་དང་། འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་དང་འགལ་བར་དུས་བཀག་ལྟར་དབྱེ་ཞིབ་དང་ཐག་གཅོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཨར་ལས་ཀྱི་ཁོར་ཡུག་འགན་ལེན་ཡག་པོ་བྱས་ཡོད། དུས་མཚུངས་སུ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།       ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་བྱས་པ་དང་མ་དངུལ་གྲབས་གསོག་བྱས་ནས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་སྐྲུན་འགོ་ཚུགས་པ་དང་ཤར་གཏོང་ལས་གཉེར་ཐུབ་པའི་འགན་ལེན་བྱས་པ་རེད།གཞན་ཡང་། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ལས་གཉེར་ཐུབ་པ་ནི་ཇུས་འགོད་ལས་ཁུངས་དང་སྐྲུན་ཞུགས་ལས་ཁུངས། འཐབ་ཕྱོགས་དང་པོའི་ཨར་ལས་མི་སྣ་བཅས་ཀྱི་བློ་སེམས་གཅིག་མཐུན་དང་འགག་སྒྲོལ་དཀའ་སེལ་དང་ཁ་འབྲལ་ཐབས་མེད། འཛུགས་སྐྲུན་པ་ཁྲི་2ལྷག་ཙམ་གྱིས་དུས་ཡུན་ལོ་9ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དངོས་སུ་ཤར་གཏོང་ལས་གཉེར་ཐུབ་པ་དང་བདེ་ཆེན་ཁུལ་གྱིས་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་བགྲོད་འཁོར་ལམ་དུ་བསྐྱོད་པ་རེད།

      ལྕགས་ལམ་གྱི་ཕུགས་འདུན་མངོན་འགྱུར་བྱུང་བ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུས་འགོའི་ལས་གཉེར་བྱེད་འགོ་ཚུགས་པ་ནས་ཤར་གཏོང་ལས་གཉེར་ཐུབ་པའི་བར་ལོ་10ལྷག་ཙམ་གྱི་དུས་ཚོད་བརྒྱུད་ཡོད། སྐབས་རིམ་བྱུང་གི་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགག་སྒྲོལ་དཀའ་སེལ་བྱས་ཏེ་རྣམ་གྲངས་ཀྱི་ས་ཆ་བསྡུ་ལེན་དང་བཤིག་སྤོ་དང་། ས་གནས་ཀྱི་ལེ་ལག་ཚང་བའི་མ་དངུལ་གྲབས་གསོག་བྱས་པ། ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་དོན་སོགས་ལེགས་སྒྲུབ་ཧུར་ཐག་བྱས་ཏེ་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་བདེ་བླག་ངང་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པའི་འགན་ལེན་ཏན་ཏིག་བྱས་པ་རེད། དུས་མཚུངས་སུ། བདེ་ཆེན་ཁུལ་གྱིས་ཀྲུང་གོའི་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་དང་མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།  ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་འགོའི་ལས་ཀར་སྐུལ་འདེད་བཏང་ནས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རིང་འཛུགས་སྐྲུན་ལས་འགོ་ཚུགས་པར་ཁག་ཐེག་བྱས་པ་རེད།


ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ལས་གཉེར་སྐབས་སུ། གསར་འགོད་པས་བདེ་ཆེན་ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་སྔོན་མའི་ཀྲུའུ་རེན་ཞའོ་ཅན་མིང་ལ་བཅར་འདྲི་བྱས་ཏེ། ཁོང་གིས་ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་ཁུལ་ལྕགས་ལམ་འཛུགས་སྐྲུན་གཞུང་དོན་ཁང་གི་འབྲེལ་ཡོད་ལས་བྱེད་པ་ཁྲིད་དེ་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་རྒྱལ་ཁབ་ལྕགས་ལམ་པུའུ་(ད་ལྟའི་རྒྱལ་ཁབ་ལྕགས་ལམ་ཚོགས་པ་)རུ་དུས་འགོའི་ལས་ཀ་སྙན་སེང་འབྲེལ་མཐུད་ཐེངས་40ལྷག་ཙམ་བྱས་པ་རེད།ས་ཆ་བསྡུ་ལེན་དང་བཤིག་སྤོའི་ལས་དོན་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། རྣམ་གྲངས་ལས་འགོ་ཚུགས་པ་ནས་ད་ལྟའི་བར་དུ། བདེ་ཆེན་ཁུལ་གྱིས་ཁྱོན་བསྡོམས་ས་ཞིང་མུའུ་6393་བསྡུས་པ་དང་ཁང་པ་བཤིག་སྤོ་སྨི་གྲུ་བཞི་མ་95000ལེགས་གྲུབ་བྱས་ནས་ལས་གྲྭའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་དགོས་མཁོ་འགན་ལེན་བྱས་ཡོད། ས་གནས་ཀྱི་ཆ་འགྲིག་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བདེ་ཆེན་ཁུལ་གྱིས་སྔོན་བརྒལ་ཇུས་འགོད་བྱས་པ་དང་། སེམས་ཀྱི་ཉི་ཟླ་འབབ་ཚུགས་ནི་བདེ་ཆེན་གྱི་སྣང་བརྙན་སྟོན་པའི་སྒེའུ་ཁུང་ཡིན་པའི་བླང་བྱར་གཞིགས་ནས་འཛུགས་སྐྲུན་བྱས་ཏེ། ཁྱོན་སྤྱིའི་རིང་ཚད་སྤྱི་ལེ་3.3ཡོད་པའི་གྲོང་ཁྱེར་སྲིད་གཞུང་གི་འགྲོ་ལམ་6དང་སྨི་གྲུ་བཞི་མ་8900ཡོད་པའི་ཚོང་ལས་ཐད་སྤྱོད་པའི་ཁང་པ། མུའུ་55ཡོད་པའི་འབབ་ཚུགས་མདུན་གྱི་ཐང་ཆེན་དང་དེ་བཞིན་མཛེས་ལྗོངས་གར་ཆུང་། མུའུ་35ཡོད་པའི་གླ་གཏོང་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་འཇོག་ས་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། ད་དུང་མ་དངུལ་སྒོར་ཁྲི་350བཏང་ནས་ཡང་ཐང་འབབ་ཚུགས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལེགས་གྲུབ་ཟིན་ཡོད།