སྤྲོ་སྐྱིད་ལྡན་པའི་དྲུག་གཅིག་བྱིས་པའི་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོདཡིག་དྲ་བ།

 རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ནི་ང་ཚོའི་སློབ་བུ་ཆུང་ཆུང་ཚོས་རེ་སྒུག་བྱེད་པའི་སྤྲོ་སྐྱིད་ལྡན་པའི་དུས་ཆེན་གལ་ཆེན་ཞིག་ཡིན་ལ། དུས་ཆེན་མ་ཐོན་པའི་གཟའ་འཁོར་གསུམ་གྱི་སྔོན་ནས་བཟུང་སྟེ། ང་ཚོས་ཞབས་བྲོ་དང་རྩེད་རིགས་གཞན་དག་ལ་སྟ་གོན་གྱ་ནོམ་པ་བྱས།

    དྲུག་གཅིག་གི་དུས་ཆེན་ཉིན་མོར་ང་ཚོ་ཞོགས་པའི་ཆུ་ཚོད་བཞི་བ་ནས་བཟུང་ཡར་ལངས་ནས་ནངས་ཇ་འཐུང་བ་དང་། ངོ་གདོང་ལ་སྐག་ཚོས་བསྐུ་བ། བྲོ་ལྭ་གྱོན་པ་སོགས་གྲ་སྒྲིག་ཚགས་སུ་ཆུད། དུས་ཆེན་རོལ་བར་ཐོག་མར་ང་རང་རྔ་རྡུང་རུ་ཁག་ནང་དུ་ཞུགས་པ་དང་། དེ་ནས་ཞབས་བྲོ་འཁྲབ་སྟོན་རུ་ཁག་ནང་ཞུགས་ནས་འཁྲབ་སྟོན་བྱས་པ་ན། དགེ་སློབ་དང་ལྟད་མོ་བ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ཕྱི་ཉིན་ང་ཚོ་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཏེ། སློབ་མ་མང་པོར་བྱ་དགའ་ཐོབ་པས་ངོ་གདོང་ན་འཛུམ་གྱི་མེ་ཏོག་བཞད་ཡོད། ཉིན་གཉིས་པའི་ཕྱི་དྲོ་དགེ་རྒན་དང་ཁྱིམ་བདག་ཡོངས་ཀྱིས་ང་ཚོར་ཟས་རིགས་སྣ་མང་གི་སྡེར་ཁ་བཤམས་པ་དང་། ཚོན་མདོག་རྣམ་པར་བཀྲ་བའི་དབུགས་ལྒང་སྣ་ཚོགས་ཀྱིས་སློབ་ཁང་ཡོངས་སུ་བརྒྱན་པས། ཡིད་ལ་རང་དབང་མེད་པར་དགའ་སྤྲོ་དཔག་མེད་སྐྱེས་པ་དང་། དགེ་བའི་བཤེས་གཉེན་དང་ཕ་མ་རྣམ་པའི་བཀའ་དྲིན་ཡིད་ལ་དྲན་བཞིན་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ལ་རོལ།

    སྤྱིར་ན་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ་བ་ནི་ང་ཚོའི་སློབ་བུ་ཆུང་ཆུང་ཚོས་རེ་སྒུག་བྱེད་པའི་སྤྲོ་སྐྱིད་ལྡན་པའི་ཉིན་མོ་ཞིག་ཡིན་ལ། ངས་འདི་ནས་ང་དང་ན་མཉམ་གྱི་སློབ་བུ་ཆུང་ཆུང་ཚོའི་གཟུགས་གཞི་བདེ་ཐང་དང་སློབ་སྦྱོང་ཡར་ཐོན་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

སྐལ་བཟང་གཡང་སྒྲོན། ༼བསང་ཆུ་རྫོང་བོད་དམངས་སློབ་ཆུང་།༽