ཆུ་ཁོལ་ལས་འཕྲོས་པའི་དགུན་དུས་ཀྱི་བདེ་སྲུང་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-07   རྩོམ་ཁུངས།    西藏日报藏文媒体

    དགུན་དུས་སུ་གྲང་ཞིང་བསིལ་བའི་རང་བཞིན་གྱིས་ལུས་སྟོབས་གསོ་བའི་རྒྱུ་མཚན་ནི། འབྱུང་བའི་སྟོབས་ཆེས་ཆེར་འཕེལ་ནས་ཟས་སྐོམ་གང་བཟས་པ་རྣམས་མྱུར་དུ་ཞུ་ཞིང་འཇུ་བར་བརྟེན། དེའི་སྐབས་སུ་ཟས་སྐོམ་བསྟེན་ཉུང་ན་ལུས་ཟུངས་ཟད་པས། དེ་ཕྱིར། མངར་སྐྱུར་ལན་ཚྭ་གསུམ་གྱི་ཟས་སྐོམ་རིགས་མང་ཙམ་བསྟེན་དགོས། 

    གཞན་ཡང་། དགུན་དུས་ཉིན་མོ་ལས་མཚན་མོ་རིང་བས་ཐོ་རེངས་སུ་བཀྲེས་ལྟོགས་བྱུང་བ་དེ་ཡུན་རིང་སོང་ན་ལུས་ཟུངས་ལྷག་པར་ཟད་ཀྱི་ཡོད། དེས་ན། དགུན་དུས་ལུས་ལ་མར་དང་སྣུམ་སོགས་ཀྱི་བྱུག་པ་རྒྱག་པ་དང་། ལུག་ཤ་སོགས་བཙོས་པའི་ཁུ་བ་དང་། མར་གསར། བུ་རམ། འོ་མ་སོགས་སྣུམ་བཅུད་ཆེ་བའི་ཁ་ཟས་རིགས་བསྟེན་པ། དེ་བཞིན་ཆ་རྐྱེན་ཡོད་ཚེ་ཉིན་རེའི་ཞོགས་པ་སྨན་མར་རིལ་བུ་རེ་ཆུ་ཁོལ་ཚ་པོས་བཏང་ན། ལུས་སྟོབས་གསོ་ཞིང་ཆམ་པའི་རིམས་ནད་སོགས་སྔོན་འགོག་ཐུབ། ཡིན་ནའང་ཆེས་གལ་ཆེ་ཤོས་ནི་རང་གི་ལུས་སྟོབས་དང་འཇུ་ཚོད་ལ་གཞིགས་ནས། ཟས་སྐོམ་ཚད་རན་པར་བསྟེན་དགོས།(པར་རིས་ཡོང་ཁུངས།པའེ་ཏུའུ་དྲ་བ།)