ཁྲུང་ཁྲུང་སྐེ་ནག་300ལྷག་ནགས་ཕག་མཚོ་རུ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས1ཉིན།གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་(གཤམ་དུ་དོ་དམ་སྲུང་སྐྱོང་ཅུས་ཞེས་བརྗོད་རྒྱུ)ནས་ཤེས་རྟོགས་བྱུང་བར།ད་ལྟ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་300་ལྷག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་རུ་འཕུར་ཡོད་པ་རེད།

    ནགས་ཕག་མཚོ་ཡི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3260ཟིན་ལ། ཡུན་ནན་ཞིང་ཆེན་གྱི་འཕྲེད་ཚད་དམའ་བའི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་དུས་ཚིགས་རང་བཞིན་གྱི་མཚེའུ་དང་འདམ་ར་ཞིག་ཡིན་པ་མ་ཟད། རྒྱ་མཚོའི་ངོས་ལས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཅུང་གཅིག་སྡུད་ཆེ་བའི་ས་ཁུལ་ཞིག་གམ་ཡང་ན་ཡུན་ནན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།1984ལོར་ནགས་ཕག་མཚོས་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་2400ཡོད་པ་དེ་ནི་ཁྲུང་ཁྲུང་སྐེ་ནག་དང་།ངང་པ་ནག་པོ།ཁྲུང་ཁྲུང་སྐྱ་བོ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་རིགས་འཚོ་གནས་བྱ་ཡུལ་ཡིན།2004ལོའི་ཟླ12པའི་ཚེས་7ཉིན་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་ཐོའི་ནང་བཅུག་པ་རེད། དོ་དམ་སྲུང་སྐྱོང་ཅུས་ཀྱི་ལས་དོན་མི་སྣས་1984ལོར་ནགས་ཕག་མཚོ་རུ་དགུན་སྒྲོལ་བྱེད་པར་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་61ལས་མེད་པ་དང་2004ལོར་290བར་འཕར་བདེ་རྗེས་གྲངས་འབོར་320ཡས་མས་སུ་བརྟན་པོ་བྱུང་ནས་2022ལོར་སླེབས་སྐབས་510ལ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་བྱ་ཡུལ་གཙོ་བོ་མཚོ་སྔོན་ཤར་ལྷོའི་རྒྱུད་དང་དེ་བཞིན་སི་ཁྲོན་ནུབ་རྒྱུད་དུ་ཡོད་པ་རེད།203ལོའི་ཟླ་10པའི་ཚེས་9ཉིན་དོ་དམ་སྲུང་སྐྱོང་ཅུས་ཀྱི་ལས་དོན་མི་སྣས་ཁག་དང་པོའི་ཁྲུང་ཁྲུང་སྐེ་ནག་5ནགས་ཕག་མཚོ་རུ་འཕུར་བར་ལྟ་ཞིབ་ཚད་ལེན་བྱས་པ་དང་མིག་སྔའི་བར་གྲངས་འབོར་300ལས་བརྒལ་ཡོད་པ་རེད།དོ་དམ་སྲུང་སྐྱོང་ཅུས་ཀྱིས་ཉེ་བའི་ལོ་ཤས་རིང་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་ནགས་ཕག་མཚོ་ཡི་ཁྲུང་ཁྲུང་སྐེ་ནག་སྤྱིར་ན་ལོ་རེའི་ཟླ་9པའི་རྗེས་སུ་གཅིག་རྗེས་གཉིས་མཐུད་ངང་གནས་འདིར་གནས་སྤོ་བྱས་པ་དང་ཕྱི་ལོའི་ཟླ་5པའི་བར་གནས་གཞན་དུ་གནས་སྤོ་བྱས་པ་མངོན་ཡོད།

    དོ་དམ་སྲུང་སྐྱོང་ཅུས་ཀྱི་ལས་དོན་མི་སྣས་སྟོན་ཁ་ཐོན་རྗེས་ཁྲུང་ཁྲུང་སྐེ་ནག་སོགས་བྱ་རིགས་ཀྱི་དེ་སྔའི་འཚོ་གནས་ཁུལ་གྱི་དྲོད་ཚད་རིམ་བཞིན་ཆག་པ་དང་ཆབས་ཅིག་ནགས་ཕག་མཚོ་རུ་གནས་སྤོ་བྱས་ནས་དགུན་སྒྲོལ་བྱེད་མཁན་ཁྲུང་ཁྲུང་སྐེ་ནག་སོགས་བྱ་རིགས་ཀྱི་གྲངས་གྲངས་འབོར་ཇེ་མང་དུ་སོང་ཡོད།དོ་དམ་སྲུང་སྐྱོང་ཅུས་ཀྱིས་རྒྱུན་གཏན་གྱི་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྲུང་ཁྲུང་སྐེ་ནག་སོགས་དགུན་སྒྲོལ་བྱ་རིགས་ལ་བདེ་འཇགས་དང་སྐྱིད་སྣང་དོད་པའི་འཚོ་སྡོད་ཁོར་ཡུག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།