བཟང་མོ་བདག་ནས་རག་བཟོ་གྲྭའི་སྦྱིན་བདག་བློ་བཟང་སྒྲོལ་མའི་ལས་གཏོད་ཕྱུག་འགྱུར་གྱི་ལམ་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


བསིལ་ལྡན་ཁ་བའི་ལྗོངས་འདིར་ཆང་གི་རིག་གནས་དར་ནས་ལོ་ངོ་སྟོང་ཕྲག་སོང་ཡོད་ལ།ཆང་གི་རིག་གནས་ནི་བོད་མི་རིགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཁ་བྲལ་ཐབས་མེད་པར་གྱུར་བ་དང་། སྐྱིད་སྡུག་གང་གི་དུས་སུ་ཡང་མཁོ་བའི་བཏུང་བྱ་ཞིག་ཡིན་པས།ལོ་རྒྱུས་ཀྱི་བཞུར་རྒྱུན་དང་བསྟུན་ནས་གངས་ལྗོངས་ས་མཐོ་འདི་རུ་ཐུན་མོང་མ་ཡིན་པའི་ཆང་གི་རིག་གནས་གྲུབ་ཡོད་པ་རེད།
    དེ་ཡང་ས་ལ་དགེ་བཅུ་འཛོམས་པའི་བཀྲ་ཤིས་གཡང་ལྡན་ཕྱུག་མོ་སྟེ་བདེ་ཆེན་ཡུལ་དུའང་རང་གི་ཐུན་མོང་མ་ཡིན་པའི་ཆང་གི་རིག་གནས་གྲུབ་ཡོད།2023ལོའི་ཟླ་10པའི་ཚེས13ཉིན།ང་ཚོས་བཅར་འདྲི་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་ལྷོ་ཕྱོགས་སུ་སྤྱི་ལེ་20ལྷག་བསྐྱོད་རྗེས་བཟང་མོ་བདག་ནས་རག་བཟོ་གྲྭར་སླེབས།ནས་ཆང་མངར་མོའི་དྲི་ཞིམ་ཁང་བའི་ག་ས་གང་དུ་ཁྱབ་འདུག་ལ། འཛད་སྤྱོད་པ་འགའ་ཡིས་ཀྱང་གནས་འདི་ནས་ཆང་ཉོ་བཞིན་འདུག
    ཏང་གི་བཀའ་དྲིན་ལས་ལས་གཏོད་ཀྱི་ལམ་བུའི་རྗེས་སུ་སྙེག
    ད་ལོར་ལོ་ན་56ལ་སླེབས་པའི་ཨ་མ་བཀྲ་ཤིས་ལྷ་མོ་ནི་ཁྱིམ་ཚང་འདིའི་བདག་མོ་ཡིན་ལ།བཟང་མོ་བདག་ནས་རག་བཟོ་གྲྭའི་ཆེས་ཐོག་མའི་སྤྱིན་བདག་ཡང་ཡིན་པ་རེད། ཨ་མ་བཀྲ་ཤིས་ལྷ་མོས་རང་ཚང་གི་ནས་རག་བཟོ་གྲྭ་འདི་གླེང་སྐབས་ལག་ཟུང་ཐལ་མོ་སྦྱར་ནས་ཏང་ལ་བཀའ་དྲིན་ཡང་ཡང་ཞུ་བ་རེད།མོས་ལོ་ན་ཆུང་བའི་སྐབས་སུ་འབྲོག་ར་ནས་ལོ་བཅུ་རིང་འཚོ་བ་རོལ་ལ།དེ་དུས་ཉིན་རྒྱུན་འབྲོག་ལས་ཙག་ཙིག་ལས་ནས་དཔལ་འབྱོར་གྱི་ཁེ་ཕོགས་རགས་པ་རེད།རང་གི་བཟའ་ཟླ་ན་བ་དང་བསྟུན་ནས་ཁྱིམ་ཚང་གི་ཆ་རྐྱེན་ནི་ཉིན་རེ་ལས་ཉིན་རེར་ཞན་པར་འགྱུར།དཀའ་སྡུག་གི་ལོ་ཟླ་དེ་སེལ་བར་བྱེད་ཆེད་མོས་རང་གི་ཕ་རྒན་དང་གྲོས་བྱས་ནས་ལས་གཏོད་ཀྱི་ལམ་བུར་ཞུགས།དེ་དུས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་ལས་གཏོད་ཀྱི་མ་དངུལ་གཏོང་རྒྱུ་ཧ་ཅང་དཀའ། དགའ་འོས་པ་ཞིག་ལ་སེམས་ཀྱི་ཉི་ཟླ་རྫོང་བུད་མེད་ལྷན་ཚོགས་ནས་སྒོར་ཁྲི8བསྐྱིས་པའི་གོ་སྐབས་རག་པས།བཟང་མོ་བདག་ནས་རག་བཟོ་གྲྭ་འདི་གཉེར་བའི་སྐལ་བ་ལྡན་བྱུང་།དང་ཐོག་ནས་རག་བཟོ་གྲྭ་འདིའི་གཞི་ཁྱོན་ཧ་ཅང་ཆུང་།ཐེངས་རེ་ལ་ནས་རྒྱ་མ་100ཙམ་ལས་བཙོ་མི་ཐུབ།སྲིད་གཞུང་གི་རོགས་སྐྱོར་དང་རང་གི་ཧུར་བརྩོན་ལས་བཟོ་གྲྭ་འདི་ཉིན་རེ་ལས་ཉིན་རེ་ཇེ་ལེགས་ཇེ་རྒྱས་སུ་སོང་བ་མ་ཟད།འཛད་སྤྱོད་པའང་ཇེ་མང་དུ་སོང་ཡོད།ཁྱིམ་ཚང་གི་ཆ་རྐྱེན་ཡང་སྔར་དང་བསྡུར་ན་འབྱོར་བ་རྒྱས་ཡོད། འདི་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་ཞེས་ཡང་ནས་ཡང་དུ་བཤད།
    བུ་མོ་བློ་བཟང་སྒྲོལ་མ་ནི་རང་གི་ཕ་མའི་མདུན་ནས་ལོ་ངོ་བཅུ་རིང་ཆང་བསྙལ་བའི་ལག་རྩལ་འདི་བསླབ་པ་རེད།ད་ལྟ་མོ་ནི་ནས་རག་བཟོ་གྲྭ་འདིའི་སྦྱིན་བདག་དུ་གྱུར་འདུག མོ་ནི་དུས་རབས་ཀྱི་འགྱུར་ཁུག་དང་བསྟུན་ནས་མཉམ་འབྲེལ་དྲ་བའི་སྟེགས་བུར་བརྟེན་ནས་རང་ཚང་གི་ཆང་ལས་འདི་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་བ་དང་།ས་གནས་སྲིད་གཞུང་གིས་ཀྱང་མོ་ལ་ས་ཆ་མང་པོར་སློབ་སྦྱོང་དང་གསབ་སྦྱོང་གི་གོ་སྐབས་གནང་བས།མོས་ལས་གཉེར་གྱི་བསམ་གཞིགས་ཀྱང་དུས་རབས་དང་བསྟུན་ནས་སྔོན་ཐོན་ཡིན་པས།མོས་རང་ཚང་གི་བཟོ་གྲྭ་འདི་སྔར་ལས་ཇེ་བཟང་དང་འཐུས་ཚང་དུ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།
    རྔུལ་ཆུ་ལས་ཐོན་པའི་ཐོན་རྫས་རེ་རེ་ནི་འཛད་སྤྱོད་པའི་སྐུལ་ལྕག་ཡིན།
    ཞོགས་པའི་ཉི་རྩེ་ཤར་བ་དང་བསྟུན་ནས།བཟང་མོ་བདག་ནས་རག་བཟོ་གྲྭའི་སྦྱིན་བདག་བློ་བཟང་སྒྲོལ་མ་དང་ཨ་མ་བཀྲ་ཤིས་ལྷ་མོ་ཡང་ཉིན་གཅིག་གི་ལས་ལ་བྲེལ་འགོ་བརྩམས།གཙང་མ་བཀྲུས་ཟིན་པའི་ནས་འབྲུ་རྣམས་བཙོ་བ་དང་། ཕབས་རྟ་རྒྱག་པ། ཆང་བཙིར་བ་སོགས་བྱས་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱི་རྣམ་པ་ཞིག་ནས་རག་བཟོ་གྲྭ་འདིའི་ག་ས་གང་དུ་ཁྱབ་འདུགབཟོ་གྲྭའི་མདུན་གྱི་ཆང་ཚོང་ཁང་དུའང་ས་གནས་རང་གི་འཛད་སྤྱོད་པའམ་ཡང་ན་ཡུལ་སྐོར་བ་འགའ་རེས་ཆང་ཉོ་རུའང་ཡོང་བཞིན་ཡོད་པ་མ་ཟད།བློ་བཟང་སྒྲོལ་མས་སྐད་འཕྲིན་སྟེང་ནས་ཉོས་པའི་ཐོན་རྫས་རྣམས་རེ་རེ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
    བཟང་མོ་བདག་ནས་རག་བཟོ་གྲྭའི་གཞི་ཁྱོན་ཆེ་རུ་སོང་བ་དང་བསྟུན་ནས་ཐོན་རྫས་ཡང་དེ་སྔོན་གྱི་ནས་ཆང་དཀར་མོ་གཅིག་པུ་ནས་ད་ལྟ་ཨ་རག་གི་གར་ཚད་དང་ཆང་བསྙལ་དུས་ཡུན་མི་འདྲ་བ་སོགས་ལ་བརྟེན་ནས་ཐོན་རྫས་བཅུ་ལྷག་ཁྲོམ་རར་བཏོད་ཡོད་པ་མ་ཟད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུའང་ནས་ཆང་ཆེད་ཚོང་ཁང་གཉིས་ཕྱེ་ཡོད་པ་རེད། གཞན་ཁུན་མིང་དང་ཧྲན་ཏུང་།ཧོ་ནན་སོགས་སུའང་བཟང་མོ་བདག་ནས་རག་ཉོ་མཁན་མང་པས་ཚོང་ལམ་ཧ་ཅང་ཡག་པ་རེད།
    བློ་བཟང་སྒྲོལ་མས་མོ་རང་སློབ་ཆུང་ལོ་རིམ་གསུམ་པ་ནས་སློབ་གྲྭར་མ་སོང་བས།ཡོན་ཏན་དེ་འདྲ་མེད་པས་ཧ་ཅང་ཡིད་ཕངས་བ་ཞིག་རེད། དེང་སྐབས་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག མོ་ཡང་བསྐྱར་སློབ་སྦྱོང་གི་གོ་སྐབས་ལྡན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས་ཀྱང་མོ་ལ་ཧྲང་ཧའེ་དང་ཁུན་མིང་སོགས་ཀྱི་ཁེ་ལས་པའི་གསོ་སྦྱོང་དང་ཚོང་འགྲེམ་སོགས་ཀྱི་གོ་སྐབས་མཁོ་འདོན་བྱས་པས། རང་གི་ལྟ་རྒྱ་དང་མཐོང་རྒྱ་སོགས་ཆེ་རུ་བཏང་བ་མ་ཟད། མུ་མཐུད་དུ་སློབ་སྦྱོང་གི་འདུན་པ་ཡང་དྲག་པོ་སྐྱེས་བྱུང་། མཉམ་འབྲེལ་དྲ་བ་ནི་མོ་རང་ལ་མཚོན་ན་མ་འོངས་པའི་གོམ་ཁ་གཙོ་བོ་ཡིན་ལ།མོ་ཡང་འདིའི་ཕྱོགས་ལ་དགའ་ཕྱོགས་ཆེ། ང་རང་གིས་མུ་མཐུད་དུ་འདིའི་ཕྱོགས་ལ་སློབ་སྦྱོང་བྱས་ནས་རང་ཚང་གི་ཐོན་རྫས་སྔར་ལས་རྒྱུ་སྤུས་བཟང་པ་དང་རིགས་མང་པ། ཚོང་ལམ་རྒྱ་ཆེ་རུ་གཏོང་རྒྱུར་མུ་མཐུད་དུ་འབད་པ་བྱེད་རྒྱུ་ཡིན་ཞེས་ཡིད་ཆེས་དང་བཅས་པའི་སྒོ་ནས་བཤད་བྱུང་།
    མེས་པོའི་སོན་རྩེ་ནས་བྱུང་བའི་བདེ་ཆེན་ཡུལ་གྱི་ཆང་རིགས་སྣ་ཚོགས།
    ཆང་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་བཏུང་བྱ་གཙོ་བོ་ཞིག་ཡིན་ཏེ། དགའ་སྟོན་རྟེན་འབྲེལ་ལམ་དུས་ཆེན་དང་བཀྲ་ཤིས་པའི་བྱ་བ་ནམ་བྱུང་། མགྲོན་པོར་སྣེ་ལེན་ཞུ་བ་སོགས་ལ་མཆོད་པའི་བཏུང་བྱ་གཙོ་བོ་ཞིག་ཡིན། བདེ་ཆེན་དུ་ནས་ཆང་བསྙལ་བའི་ལོ་རྒྱུས་ཀྱི་རྒྱུན་རིང་བ་མ་ཟད།ས་གནས་ཀྱི་ཐོན་ཁུངས་དང་འཚོ་བའི་གོམས་སྲོལ། གནམ་གཤིས་ཀྱི་ཁྱད་ཆོས་སོགས་དང་བསྟུན་ནས་ཆང་རིགས་སྣ་ཚོགས་སྙོལ་སྲོལ་ཡོད་དེ། དཔེར་ན་བདེ་ཆེན་གྱི་ས་ཆ་མང་ཤོས་སུ་ནས་ཆང་དང་འབྲས་ཆང་སོགས་སྙལ་བ་དང་། འཇོལ་རྫོང་གི་ཀོང་རྩེད་ར་དང་ཨ་གདོང་སོགས་སུ་རྒུན་ཆང་བསྙལ་བ་རེད།ངག་རྒྱུན་ལྟར་ན་དུས་རབས་བཅུ་དགུ་བའི་དུས་དཀྱིལ་ལ་ཧྥ་རན་སིའི་ཆོས་སྤེལ་མཁན་ཞིག་གནས་འདིར་ཡོང་ནས་ཆོས་སྤེལ་བ་མ་ཟད།ས་དེ་གའི་མང་ཚོགས་ཚོར་རྒུན་འབྲུམ་འདེབས་གསོ་བྱེད་སྟངས་དང་རྒུན་ཆང་སྙོལ་སྟངས་བསླབ་པའི་བཤད་སྲོལ་ཡོད་པ་རེད།བདེ་ཆེན་སེམས་ཀྱི་ཉི་ཟླའི་འཁྱགས་ཆང་སོགས་ནི་འཛམ་གླིང་དུ་སྐད་གྲགས་ཡོད་པས་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་མིང་བྱང་ལྟ་བུར་གྱུར་ཡོད།གཞན་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དང་འབའ་བྲོས་སོགས་སུ་རྒྱ་སེ་མེ་ཏོག་གི་ཆང་དང་མ་རྨོས་ལོ་ཏོག་གི་ཆང་།སྦྲང་ཆང་སོགས་སྙལ་སྲོལ་ཡོད་པ་རེད།
    བདེ་ཆེན་ཡུལ་དུ་ལོ་ངོ་སྟོང་ཕྲག་རིང་ཆང་རིགས་དར་བ་དང་བསྟུན་ནས་དེ་འབྲེལ་གྱི་རིག་གནས་ཀྱི་ཚུར་སྣང་ཡང་སྣ་ཚོགས་བྱུང་ཡོད། དཔེར་ན་གཉེན་སྒྲིག་གི་ཆོ་ག་སྤེལ་བའི་སྐབས་སུ། དང་པོ་དང་ཆང་འཇོག་པ་ཞེས་གཉེན་སློང་བ་ལ་དང་ཆང་འཇོག་པ་ཟེར་བ་དང་། དེ་ནས་ཇ་ཁ་གཏགས་འཁྱེར་བ། ཆང་ས་རྒྱག་པ་སོགས་གོ་རིམ་དང་འབྲེལ་ཡོད་ཀྱི་ཐ་སྙད་ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་དུ་གཉེན་སྒྲིག་དང་མགྲོན་པོ་སྣེ་ལེན་བྱེད་སྐབས་སུ་ཡུལ་མིའི་ཁ་སྐད་དུ་(བྱ་སྤོག་རག་)ཟེར་བའི་ཆང་ཞིག་འཐུང་སྲོལ་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་ལམ་མདོ་གྲོང་ཚོ་སོགས་སུ་ཤ་རག་ཟེར་བའི་ཆང་ཡང་འཐུང་སྲོལ་ཡོད། གཞན་བོད་མིའི་དམངས་ཁྲོད་དུའང་ན་ནིང་བཙོས་པའི་ལོ་ཆང་དང་ད་ལོ་བཙོས་པའི་ཟླ་ཆང་། ད་ཞག་བཙོས་པའི་ཞག་ཆང་ཅེས་བོད་མིའི་འཚོ་བ་དང་འབྲེལ་བའི་དམངས་སྲོལ་རིག་གནས་མང་པོ་ཡོད།
    ཆང་ནི་བོད་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བཏུང་བྱ་ཞིག་ཡིན་པ་བདེན་ཡང་། བོད་མིའི་ཁ་དཔེ་རུ་ཞིམ་པོའི་ཆང་དེ་མང་ན་དུགལས་ལ་མི་བརྩོན་ཆང་ལ་ཆགས། སང་གི་བྱ་བ་གནངས་ལ་བསྐྱལ་ཞེས་སྲིད་པ་རྒན་པོའི་གཏམ་དཔེ་ཡོད་པས། མི་སུ་དང་སུ་ཡིན་རུང་ཆང་རག་འོས་འཚམས་ཞིག་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །