བདེ་ཆེན་ནས་བྱི་རིམས་སོགས་མཉམ་འགོག་མཉམ་བཅོས་ཀྱི་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

微信图片_20231019172943.jpg

    

        ཟླ་10ཚེས་19ཉིན་སྐབས་24པའི་ཁྲོན་ཀན་མཚོ་བོད་ཡུན་ནན་བཅས་ཞིང་ཆེན་(རང་སྐྱོང་ལྗོངས་)ལྔའི་ཁུལ་བརྒྱད་དང་གྲོང་ཁྱེར་གཉིས་ཀྱི་བྱི་རིམས་སོགས་འགོས་ནད་ཚབས་ཆེན་མཉམ་འགོག་མཉམ་བཅོས་ཀྱི་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།

        ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་འཕྲལ་སྡོམ་ཐག་གཅོད་སིའི་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཝུའུ་ཅན་ཅུན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ཞིང་ཆེན་ནད་ཡམས་ཚོད་འཛིན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅིའང་ཅུས་ཀྲང་སུང་ཀྲི་ཀྲུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཀྲང་ཝེ་ཏུང་གིས་ཤིས་ཚིག་གསུང་སྐབས་བདེ་ཆེན་དེ་2016་ལོར་མཉམ་འགོག་མཉམ་བཅོས་ཀྱི་ཁོངས་མིའི་ཚན་པར་གྱུར་ཚུན་སྔ་རྗེས་སུ་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཡིག་ཆ་བཟོས་ནས་གཤམ་སྤེལ་བྱས་ཏེ་རིམས་ནད་ཚབས་ཆེན་སྐྱོབ་བཅོས་བྱེད་ནུས་དང་རིམས་ནད་ཚོད་འཛིན་སྒྲིག་གཞིའི་སྲོག་ཤིང་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་ཁུལ་ཡོངས་ཀྱི་འཕྲལ་སྡོམ་སྒྲིག་ཆས་དང་སྐྱོབ་བཅོས་སྒྲིག་ཆས་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། མིག་སྔར་བདེ་ཆེན་ཁུལ་དུ་བྱི་རིམས་ཀྱི་རིམས་ནད་མེད་པ་དང་ཐུམ་འབུའི་ནད་དེ་དར་ཁྱབ་ཆུང་བའི་ཁུལ་དུ་ཚོད་འཛིན་བྱས་ཡོད། བདེ་ཆེན་གྱིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་མཉམ་འགོག་མཉམ་བཅོས་ཀྱི་དམིགས་ཚད་དང་བྱ་ཐབས་ཁག་སྔར་བས་ཤུགས་ཆེར་བཏང་ནས་བྱི་རིམས་སོགས་འགོས་ནད་དང་ཡུལ་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱ་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཝུའུ་ཅན་ཅུན་གྱིས་ད་ལྟའི་དུས་མཚམས་སུ་རང་རྒྱལ་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཙོ་གནད་ནི་སྲོག་ཆགས་ཀྱི་བྱི་རིམས་ལྟ་ཞིབ་ཚད་ལེན་དང་ཐེ་ཇུས་ཚོད་འཛིན་ཁྱབ་ཁོངས་འོས་འཚམ་ངང་ཆེ་རུ་བཏང་སྟེ་སྤྱི་ཚོགས་དང་དཔལ་འབྱོར་གྱི་མ་གནས་ཆུང་ཤོས་ཀྱི་ཐོག་ནས་བྱི་རིམས་ཀྱི་རིམས་ནད་མགྱོགས་མྱུར་ནུས་ལྡན་ངང་རྩ་མེད་བཟོ་རྒྱུ་དེ་ཡིན།སི་ཁྲོན་དང་ཀན་སུའུ། མཚོ་སྔོན། བོད་ལྗོངས། ཡུན་ནན་བཅས་ཞིང་ཆེན་(རང་སྐྱོང་ལྗོངས་)ལྔའི་ཁུལ་བརྒྱད་དང་གྲོང་ཁྱེར་གཉིས་ཀྱིས་བྱི་འགོག་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བདེ་ཐང་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་བ། བྱི་རིམས་ཀྱི་རིམས་ནད་བྱུང་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་། མི་སྣ་གསོ་སྐྱོང་སྦྱོང་བརྡར། བབ་བསྟུན་ཚུར་སྣང་ནུས་པ་སོགས་ཀྱི་བྱེད་ཐབས་ཁག་དམ་འཛིན་ཡག་པོ་བྱེད་པ། ལས་སྒོའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

        སུང་ཀྲི་ཀྲུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡུན་ནན་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མ་དངུལ་གྱི་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་པས་ཕྱོགས་ཁག་གི་འབད་བརྩོན་འོག་ཡུན་ནན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ནས་ཁྲིམས་གཏན་འཁེལ་བའི་རིམས་ནད་ཕོག་ཚད་ལོ་19བསྟུད་མར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད། ད་ཐེངས་ཀྱི་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་དེས་བྱི་རིམས་སོགས་འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ཐབས་ལམ་གསར་པར་སླེབས་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ཤུགས་སྣོན་པ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཚོགས་འདུའི་རིང་རེས་འཁོར་ཕྱོགས་ཀྱི་བདེ་ཆེན་ཁུལ་གྱིས་2021ལོ་ནས་2023ལོའི་བར་གྱི་ཞིང་ཆེན་(རང་སྐྱོང་ལྗོངས་)ལྔའི་ཁུལ་བརྒྱད་དང་གྲོང་ཁྱེར་གཉིས་ཀྱི་བྱི་རིམས་མཉམ་འགོག་མཉམ་བཅོས་ལས་དོན་སྙན་ཞུ་གནང་བ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སོགས་ཁྲོན་ཀན་མཚོ་བོད་ཡུན་ནན་བཅས་ཞིང་ཆེན་(རང་སྐྱོང་ལྗོངས)ལྔའི་ཁུལ་བརྒྱད་དང་གྲོང་ཁྱེར་གཉིས་དང་རྫོང་གཅིག་གི་ཁོངས་མིའི་ཚན་པས་སྤེལ་རེས་གཏམ་བཤད་གནངས་བ་དང་། རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་ཅན་གྱི་སློབ་ཁྲིད་ཉན་པ། མཉམ་འགོག་མཉམ་བཅོས་ཀྱི་གྲོས་མཐུན་ཡི་གེ་འཇོག་པ་སོགས་བྱས་པ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་སྐབས་ཉེར་ལྔ་པའི་རེས་སྐོར་ལས་རེས་ཕྱོགས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལ་ཐམ་ག་རྩིས་སྤྲོད་བྱས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན་བྱི་རིམས་མཉམ་འགོག་མཉམ་བཅོས་ལམ་སྲོལ་བཙུགས་ཚུན་མཉམ་འགོག་མཉམ་བཅོས་ཀྱི་ཁྱབ་ཁོངས་དེ་ཐོག་མའི་ཞིང་ཆེན་གསུམ་དང་ཁུལ་ལྔ་ནས་མིག་སྔའི་ཞིང་ཆེན་(རང་སྐྱོང་ལྗོངས་)ལྔའི་ཁུལ་བརྒྱད་དང་གྲོང་ཁྱེར་གཉིས་བར་རྒྱ་ཆེར་ཕྱིན་པ་དང་མཉམ་འགོག་མཉམ་བཅོས་ཀྱི་ནང་དོན་དེ་བྱི་རིམས་རྐྱང་པ་ནས་བྱི་རིམས་དང་། ཐུམ་འབུའི་ནད། ཨེ་ཙི་འགོས་ནད་སོགས་འགོས་ནད་དང་ཡུལ་ནད་ཚབས་ཆེན་ཚུད་པའི་བར་རིམ་བཞིན་རྒྱ་ཆེར་ཕྱིན་ཡོད།མཉམ་འགོག་ཁུལ་(གྲོང་ཁྱེར་)ཁག་གི་ཐུན་མོང་འབད་བརྩོན་དང་སྐུལ་འདེད་འོག་མཉམ་འགོག་མཉམ་བཅོས་ལམ་སྲོལ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཤུགས་སྣོན་ཐེབས་པ་མ་ཟད་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་དང་། སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་སྤེལ་རེས། རིམས་ནད་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ཐད་ལེགས་ཆ་གསབ་རེས་ཐུབ་པ་བྱས་ནས་ཞིང་ཆེན་(རང་སྐྱོང་ལྗོངས་)ལྔའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། དེ་བཞིན་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བཅས་ལ་ཞབས་ཞུ་དང་འགན་སྲུང་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།