ཞི་ཅིན་ཕིང་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-19   རྩོམ་ཁུངས།    西藏日报藏文媒体

        ཞི་ཅིན་ཕིང་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ།

        ཟླ་10ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། 《སྒོ་དབྱེ་བསྟུན་མཁས་དང་། མཉམ་འབྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་མཉམ་སྐྲུན་བྱ་སྤྱོད་ཁག་བརྒྱད་ལ་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

图片

    ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བཞིན་པ།
        ■ ད་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི་ལོ་རེད། གྲོས་འགོ་བཏོན་པའི་ཐོག་མའི་བསམ་འདུན་ནི། གནའ་བོའི་དར་ལམ་དཔྱད་གཞིར་འཛིན་པ་དང་མཉམ་འབྲེལ་མཉམ་མཐུད་གཙོ་རྐང་དུ་བྱས་ནས། རྒྱལ་ཁབ་ཁག་དང་མཉམ་དུ་སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་མཉམ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ནུས་གསར་པ་སྣོན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བར་མཐོངས་གསར་པ་གཏོད་པ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་ལས་སྟེགས་གསར་པ་བཏོད་པ་བཅས་བྱེད་པ་འདི་རེད།
        ■ ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་བརྩོན་ལེན་བྱེད་པ་ནི་ཀྲུང་གོའི་རང་སྲུང་གཙོ་བཞག་གི་དེང་རབས་ཅན་མིན་པར། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་དེང་རབས་ཅན་མངོན་འགྱུར་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད། འཛམ་གླིང་གི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་ཀྱི་དེང་རབས་ཅན་དང་། གཉིས་ཕན་མཉམ་ལས་ཀྱི་དེང་རབས་ཅན། ཐུན་མོང་དར་རྒྱས་ཀྱི་དེང་རབས་ཅན་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།
        ■ ཀྲུང་གོས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་བྱས་པ་སྟེ། གཅིག“རྒྱུད་གཅིག་ལམ་གཅིག”གི་ཕྱོགས་བསྡུས་མཉམ་འབྲེལ་མཉམ་མཐུད་ཀྱི་དྲ་རྒྱ་སྐྲུན་པ་དང་། གཉིས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར། གསུམ། དངོས་སྒྲུབ་མཉམ་ལས། བཞི། འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད། ལྔ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད། དྲུག དམངས་ཁྲོད་འགྲོ་འོང་ལ་རྒྱབ་སྐྱོར། བདུན། སྤྱོད་གཙང་གི་ལམ་བུ་སྐྲུན་པ། བརྒྱད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་རེད།
        ■“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་ཀྲུང་གོ་ནས་བྱུང་བ་དང་གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་ཡོད། ང་ཚོས་མི་དམངས་ཀྱི་རེ་སྒུག་བློ་ལ་ངེས་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས། དུས་རབས་ཀྱི་འཕར་རྩར་སྟངས་འཛིན་དང་། སྔ་འཛིན་ཕྱི་གཏོད། ཞུམ་མེད་མདུན་སྐྱོད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་དེ་བས་མཐོ་བའི་འཕེལ་རྒྱས་གསར་པ་བསུ་བ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་སྐུལ་འདེད། སྒོ་དབྱེ་བསྟུན་མཁས་དང་། མཉམ་འབྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་ཀྱི་འཛམ་གླིང་སྐྲུན་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
        ■ འདས་ཟིན་པའི་ལོ་10ཡི་རིང་ཐོབ་པའི་གྲུབ་འབྲས་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པས། དེའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་རིན་ཡོད། མིའི་རིགས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པར་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་བྱུང་། འཛམ་གླིང་ཡག་པོ་བྱུང་ན་གཞི་ནས་ཀྲུང་གོ་ཡག་པོ་ཡོང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པོ་ཡོང་ཐུབ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་བརྒྱུད། ཀྲུང་གོའི་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་ཇེ་ཆེར་ཕྱིན་པ་དང་། ཀྲུང་གོའི་ཁྲོམ་ར་དང་འཛམ་གླིང་ཁྲོམ་རའི་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་གི་རེད། མཉམ་ལས་གཉིས་ཁེ་བྱས་ན་གཞི་ནས་བྱ་བ་སྒྲུབ་ཐུབ་པ་དང་། བྱ་བ་ཡག་པོ་སྒྲུབ་ཐུབ་པ། བྱ་བ་ཆེན་པོ་སྒྲུབ་ཐུབ་པ་བཅས་ལ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་བྱུང་། རྒྱལ་ཁབ་ཁག་ལ་མཉམ་ལས་ཀྱི་རེ་འདུན་དང་མཐུན་སྦྱོར་གྱི་བྱ་སྤྱོད་ཡོད་གྱུར་ན་རང་བྱུང་འོབས་ཆེན་ཤར་བགྲོད་ལམ་དུ་འགྱུར་ཐུབ་པ་དང་། “སྐམ་སྡོམ་རྒྱལ་ཁབ” “སྐམ་འབྲེལ་རྒྱལ་ཁབ”ལ་འགྱུར་ཐུབ་པ། འཕེལ་རྒྱས་ཀྱི་གཤོང་ས་དར་རྒྱས་ཀྱི་མཐོ་སར་འགྱུར་ཐུབ། ཞི་བདེའི་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རིང་དོ་སྣང་བྱེད་དགོས་པ་ནི་འབུད་ཤིང་མང་ན་མེ་ལྕེ་མཐོ་བ་དང་ཕན་ཚུན་རོགས་རམ་བྱས་ན་མདུན་ལམ་ཡངས་པ་དང་། བརྩི་མཐོང་བྱེད་དགོས་པ་ནི་རང་ཉིད་འཚོ་བ་ཡག་པོ་སྐྱེལ་ཐུབ་ལ་མི་གཞན་འཚོ་བ་ཡག་པོ་སྐྱེལ་ཐུབ་པ། ལག་ལེན་སྟར་དགོས་པ་ནི་མཉམ་འབྲེལ་མཉམ་མཐུད་དང་གཉིས་ཁེ་གཉིས་ཕན། དོན་གཉེར་བྱེད་དགོས་པ་ནི་ཐུན་མོང་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་བཅས་རེད། འདུ་ཤེས་འཛིན་སྟངས་ཁ་གཏད་དུ་མི་ལང་བ་དང་། ས་འབྲེལ་ཆབ་སྲིད་ཀྱི་འགྲན་རྩོད་མི་བྱེད་ལ། ཚོགས་པའི་ཆབ་སྲིད་ཀྱི་འགྲན་རྒོལ་ཡང་མི་བྱེད་པར། ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་དང་། དཔལ་འབྱོར་གྱི་བཙན་སྐུལ་ལ་ངོ་རྒོལ། “འབྲེལ་ཐག་གཅོད་པར”ངོ་རྒོལ་བཅས་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་གནས་པ་དེ་དུས་རབས་ཡར་ཐོན་གྱི་གཏན་ཚིགས་དང་མཐུན་ཡོད་ལ། སྐྱོད་པ་ནི་མི་ཡུལ་གྱི་ཡང་དག་འགྲོ་ལམ་ཡིན་པ་ལོ་10ཡི་ལོ་རྒྱུས་ཀྱི་ལམ་ལས་ར་འཕྲོད་ཐུབ་ཡོད། ང་ཚོར་དཀའ་ངལ་སྣ་ཚོགས་ཕྲད་ཀྱང་སྔར་བཞིན་བབ་བརླིང་ལྡན་པའི་ངེས་ཤུགས་ལྡན་པར་བྱས་ཏེ། ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་བཅག་སྟེ་ཕ་ཚ་བུ་རྒྱུད་ལ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་ཁེ་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
图片
    འགོ་ཚུགས་མཛད་སྒོ་མ་འཚོགས་གོང་། ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་ཕྱི་རྒྱལ་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་ཁྲིད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་རྒྱལ་སྤྱིའི་སྐུ་མགྲོན་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།