བདེ་ཆེན་དུ་བོད་ཡིག་དཔེ་རྙིང་སྐོར་གྱི་ཚོགས་འདུ་ཞིག་འཚོགས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་10པའི་ཚེས་19ཉིན།རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་གླེང་སྟེགས་ཐེངས་ལྔ་པ་བདེ་ཆེན་ཁུལ་དུ་འཚོགས་པ།ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གཞུང་ལས་ཁང་དང་ཡུན་ནན་ཞིང་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡིས་གཙོ་གཉེར་བྱས་ལ།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་དང་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རོགས་གཉེར་བྱས་པ།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ཧུའུ་ཧྲའོ་ཅེ་དང་ཡུན་ནན་ཞིང་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཡུན་སན།བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་སྐལ་བཟང་རྣམ་རྒྱལ་བཅས་འགོ་ཚུགས་མཛད་སྒོར་ཕེབས་ཡོད།
    འགོ་ཚུགས་མཛད་སྒོའི་ཐོག ཝུའུ་ཡུན་སན་གྱིས་བོད་ཡིག་དཔེ་རྙིང་ལ་ལོ་རྒྱུས་རིང་བ་དང་གྲངས་ཚད་མང་བ།ནང་དོན་ཕུན་སུམ་ཚོགས་པ་བཅས་ལྡན་ཞིང་།ཀྲུང་ཧྭ་བུ་ཕྲུག་གིས་རྒྱལ་གཅེས་རིང་ལུགས་ལྟེ་གནས་དུ་འཛིན་པའི་མི་རིགས་སྙིང་སྟོབས་གཅིག་ཏུ་འདུས་ཏེ། ཀྲུང་ཧྭ་སྲོལ་རྒྱུན་རིག་གནས་དང་ཀྲུང་ཧྭ་དཔེ་རྙིང་གི་གྲྭབ་ཆ་གཙོ་བོ་ཞིག་ཡིན་ཏེ།དཔེ་རྙིང་འདི་དག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་།དཔལ་ཡོན་ལྡན་པའི་ཤུལ་བཞག་འདི་དག་ཞིབ་འཇུག་དང་བེད་སྤྱོད་ཡག་པོ་བྱེད་པ་ནི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་རིག་གནས་ཁྱབ་སྤེལ་ཡག་པོ་བྱེད་པའི་དུས་རབས་ཀྱི་བརྗོད་གཞི་ཡིན་ཞེས་བསྟན།
    ཐེངས་འདིའི་མཐོ་རིམ་གླེང་སྟེགས་ནི་དུས་ཡུན་ཉིན་གཉིས་རིང་སྤེལ་རྒྱུ་ཡིན་ལ།བོད་ལྗོངས་སོགས་ས་ཆ་སོ་སོ་ནས་ཡོང་བའི་ཞིབ་འཇུག་ལས་ཁུངས་28དང་མཐོ་རིམ་སློབ་གྲྭའི་ཆེད་རིགས་མཁས་ཅན་དང་མཁས་དབང་50ལྷག་གླེང་སྟེགས་སུ་ཞུགས་ནས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་ལས་ཀའི་སྐོར་ལ་བགྲོ་གླེང་ཟབ་མོ་བྱེད་རྒྱུ་ཡིན་པ་རེད།