ཁྱེད་ཀྱིས་མི་དམངས་ཚོཊ་ཁང་ཆེན་མོ་བསྐྲུན་པའི་ལོ་རྒྱུས་ཤེས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-03   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


    མི་དམངས་ཚོགས་ཁང་ཆེན་མོ་ནི་ཀྲུང་གོའི་ལྟེ་བར་འགྱིང་ངེར་ཆགས་ཤིང་། མི་དམངས་དུང་ཕྱུར་མང་པོའི་སེམས་སྒྲར་ཉན་བཞིན་མཆིས། ཀྲུང་གོ་གསར་པའི་བཟོ་བཀོད་ཕུལ་དུ་བྱུང་བ་འདིར་དུས་རབས་ཀྱི་བརྗིད་ཉམས་དང་སྒྱུ་རྩལ་གྱི་བཀོད་མཛེས་ལྷན་གཅིག་ཏུ་འདུས་ཡོད། འདི་ནི་ཀྲུང་གོའི་ཆེས་མཐོའི་དབང་ཆའི་ལས་ཁུངས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོགས་ཡུལ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྒྲུབ་ཡུལ་ཡིན་ཞིང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མཚོན་རྟགས་ཤིག་ཡིན་ལ། ཡང་སྒོས་སུ་ཀྲུང་གོ་གསར་པ་དར་རྒྱས་གོང་འཕེལ་གྱི་དཔང་པོ་མཛད་མཁན་ཡང་ཡིན།
    གནམ་བདེ་སྒོ་མོའི་ཐང་ཆེན་དུ་མི་དམངས་ཚོགས་ཁང་ཆེན་མོ་བསྐྲུན་རྒྱུ་ནི་ཀྲུའུ་ཞི་མའོ་ཙེ་ཏུང་ཡན་ཨན་དུ་བཞུགས་སྐབས་ཀྱི་ཐུགས་འདུན་ཞིག་ཡིན། 1945ལོའི་ཟླ་4ཚེས་23ཉིན་ནས་ཟླ་6ཚེས་11ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་7པ་ཡན་ཨན་དུ་གཟབ་རྒྱས་ངང་འཚོགས་ཡོད། ཚོགས་འདུའི་ཐོག ཀྲུའུ་ཞི་སྟེགས་བུར་ཞབས་སོར་འཁོད་པའི་མའོ་ཙེ་ཏུང་གིས་གློག་སྒྲོན་མེད་པའི་ཚོགས་ར་ཐབས་ཆག་དེའི་ནང་དུ་ཤིང་གི་རྐུབ་སྟེགས་རིང་པོའི་སྟེང་དཔུང་པ་མཉམ་གཤིབ་ངང་བཞུགས་པའི་ས་གནས་སོ་སོའི་ཏང་གི་འཐུས་མིར་གཟིགས་སྐབས་ཁོང་གི་ཐུགས་སུ་འདུན་པའམ་རེ་བ་ཞིག་འཆར་བ་སྟེ། མ་འོངས་པར་གསར་བརྗེར་རྒྱལ་ཁ་ཐོབ་དུས་མི་ཆིག་ཁྲི་ཤོངས་བའི་ཚོགས་ཁང་ཆེན་མོ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་དེ་རེད།
    1958ལོའི་ཟླ་8པར། ཏང་ཀྲུང་དབྱང་གིས་པེ་ཏའེ་ཧོ་རུ་གྲོས་ཚོགས་སྐོང་འཚོགས་གནང་བ་དང་། མི་ཆིག་ཁྲིའི་ཚོགས་ཁང་ཆེན་མོ་བསྐྲུན་རྒྱུ་དེ་ཉིན་རེའི་གྲོས་རིམ་ནང་བཅུག་ཡོད། ཀྲུང་དབྱང་གིས་བཀའ་ཕབ་མ་ཐག མི་ཆིག་ཁྲིའི་ཚོགས་ཁང་ཆེན་མོ་འཛུགས་སྐྲུན་གྱི་ལས་ཀ་རབ་དང་རིམ་པ་ཚ་ཚ་འུར་འུར་ངང་སྤེལ་འགོ་བརྩམས། 1958ལོའི་ཟླ་10ཚེས་28ཉིན་ཚོགས་ཁང་ཆེན་མོ་འཛུགས་སྐྲུན་གྱི་ཨར་ལས་བྱེད་འགོ་བརྩམས། ཚོགས་ཁང་ཆེན་མོའི་འཛུགས་སྐྲུན་ལ་ཁྱོན་ཉིན་272ལས་འགོར་མེད་པ་དང་། ལས་གྲྭ་དེར་ཁྱོན་འགྲོ་གྲོན་སྒོར་101,134,910བཏང་བ་དེས་སྐབས་དེ་དུས་ཀྱི་ཀྲུང་གོ་བ་དུང་ཕྱུར་6དང་བྱེ་བ་6གི་ཆོད་སེམས་དང་བློ་སྟོབས་མཚོན་ཡོད།
    1959ལོའི་ཟླ་9ཚེས་9ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་30ཡི་ཐོག ཚོགས་ཁང་ཆེན་མོའི་འཛུགས་སྐྲུན་འཕེལ་རིམ་ལ་ཐུགས་ཁུར་གནང་བཞིན་པའི་མའོ་ཀྲུའུ་ཞི་ཨར་ལས་ཁུལ་དུ་ཕེབས་ཤིང་། ཕེབས་རོགས་ཞུ་མཁན་སྤྱི་ཁྱབ་བཀོད་འདོམས་གཞོན་པ་ཝན་ལི་ཡིས་བཟོ་བཀོད་འདིར་ད་དུང་མིང་བཏགས་མེད་ཅེས་ཞུས་པར། མའོ་ཀྲུའུ་ཞིས་དགོངས་པ་ཏོག་ཙམ་བཞེས་རྗེས། ངས་བལྟས་ན་མི་དམངས་ཚོགས་ཁང་ཆེན་མོ་ཞེས་བཏགས་ན་ཡག་པོ་འདུག གང་ཡིན་ཟེར་ན། ཚོགས་ཁང་འདི་ནི་མི་དམངས་ལ་དབང་བ་ཞིག་ཡིན་ཞེས་གསུངས།
    1959ལོའི་ཟླ་9ཚེས་30ཉིན། རྒྱལ་སྟོན་དུས་ཆེན་གྱི་ཉིན་གོང་མར། མི་དམངས་ཚོགས་ཁང་ཆེན་མོ་དངོས་སུ་སྤྱོད་འགོ་ཚུགས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་10འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས། 1960ལོའི་ཟླ་3ཚེས་30ཉིན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་1063མེས་རྒྱལ་གྱི་ས་གནས་ཁག་ནས་མི་དམངས་ཚོགས་ཁང་ཆེན་མོར་འཛོམས་ཏེ་སྐབས་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པ་དང་། འདི་ནི་རྒྱལ་ཡོངས་མི་དམངས་ཀྱི་འཐུས་མིས་ཚོགས་ཁང་ཆེན་མོར་མི་དམངས་ཀྱི་དབང་ཆ་སྤྱོད་ཐེངས་དང་པོ་དེ་རེད།
    དུས་དེ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་གྲོས་ཚོགས་གལ་ཆེན་མང་པོ་ཞིག་འདི་རུ་འཚོགས་ཡོད། ཀྲུང་གོ་མི་དམངས་ཡར་ལངས་ནས་ཕྱུག་པོ་ཆགས་པ་དང་དེ་ནས་སྟོབས་ཆེར་འགྲོ་བའི་དུས་མཚམས་རེ་རེ་ཚང་མ་མི་དམངས་ཚོགས་ཁང་ཆེན་མོར་ཟིན་ཐོར་བཀོད་ཅིང་། ཀྲུང་གོ་བ་ཚང་མའི་བློ་ལ་བརྟན་པོར་ངེས་པར་བྱས་ཡོད།