གནམ་བདེ་སྒོ་མོ་ཆེའི་མའོ་ཙེ་ཏུང་གི་བྲིས་སྐུར་པར་གཞི་ག་ཚོད་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-30   རྩོམ་ཁུངས།    中央广播电视总台

    ཀྲུང་གོར། མི་རྣམས་ཀྱིས་གནམ་བདེ་སྒོ་མོ་ཆེའི་སྐོར་གླེང་སྐབས། ཀྲུའུ་ཞི་མའོ་ཙེ་ཏུང་གི་བྲིས་སྐུ་ཆེན་པོ་དེ་སེམས་ནང་ངང་གིས་འཆར་འོང་།

       ལོ་ངོ་70ལྷག་ཙམ་རིང་། སྒྱུ་རྩལ་མཁས་ཅན་མི་རབས་མང་པོའི་འབད་བརྩོན་འོག མའོ་ཀྲུའུ་ཞིའི་བྲིས་སྐུ་དེ་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དང་གཞི་གཅིག་ཏུ་འབྲེལ་ནས་ཕན་ཚུན་བྲལ་དུ་མེད་པར་གནས་ཡོད།

       1949ལོའི་ཟླ་9པར། ཀྲུང་གོ་གསར་པ་དབུ་བརྙེས་པའི་མཛད་སྒོ་ཆེན་པོའི་གྲ་སྒྲིག་ལས་ཀ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། མཛད་སྒོའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་མའོ་ཀྲུའུ་ཞིའི་བྲིས་སྐུ་ཞིག་བཞེངས་ཏེ་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་ཐོག་ཏུ་འགེལ་རྒྱུ་ནི་དམངས་སེམས་དང་མཐུན་པའི་བྱ་བ་ཞིག་ཡིན་པའི་ངོས་འཛིན་བྱས།

       མའོ་ཀྲུའུ་ཞིའི་དགོངས་འཆར་ལྟར། མའོ་ཀྲུའུ་ཞི་ཡན་ཨན་དུ་བཞུགས་རིང་གི་མཉམ་བཞུགས་འདྲ་པར་ཞིག་བདམས་པ་དང་། ཚད་འཇལ་བྱས་པ་བརྒྱུད། བྲིས་སྐུ་འདིའི་མཐོ་ཚད་ལ་སྨི་6ཙམ་དང་། ཞེང་ཚད་ལ་སྨི་4ཙམ་ཡོད་པ་གཏན་འཁེལ་བྱས།

       ཟླ་10ཚེས་1ཉིན། མའོ་ཀྲུའུ་ཞི་ཞབས་བགྲོད་བདེ་པོའི་ངང་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་ཐོག་ཆིབས་སྒྱུར་གནང་བ་ཞེས་པའི་འགྲེལ་བརྗོད་པའི་འགྲེལ་བརྗོད་ཀྱི་གསུང་སྒྲ་གྲགས་པ་དང་བསྟུན་ནས། ཐང་ཆེན་སྟེང་གི་མི་གསུམ་འབུམ་གྱི་མིག་ཟུང་དུས་གཅིག་ཏུ་ཀྲུའུ་ཞི་སྟེགས་བུའི་ཕྱོགས་སུ་བལྟས། དེ་གར་མའོ་ཀྲུའུ་ཞིའི་བྲིས་སྐུ་ཆེན་པོ་མཐོན་པོར་བཀལ་ཡོད་པ་དང་། བྲིས་སྐུ་དེའི་སྟེང་གི་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་ཐོག་ཏུ། ཀྲུའུ་ཞི་མའོ་ཙེ་ཏུང་གིས་འཛམ་གླིང་ལ་ཀྲུང་གོ་གསར་པ་དབུ་བརྙེས་པ་རྔམ་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་མཛད་ཡོད།

       1950ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ངལ་རྩོལ་དུས་ཆེན་ཐེངས་དང་པོ་སླེབས་གྲབས་ཡོད་པའི་སྐབས་སུ། མི་རྣམས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་ཐོག་བཀལ་བའི་མའོ་ཀྲུའུ་ཞིའི་བྲིས་སྐུ་ལའང་གཟུགས་བརྙན་གསར་རྐྱང་ཞིག་ཡོད་དགོས་པའི་ངོས་འཛིན་བྱས་ཡོད། ཡུན་རིང་མ་སོང་བར་རི་མོ་མཁས་ཅན་ཚོའི་འབད་བརྩོན་འོག སྐུ་ལུས་ལ་མདོག་ལྗང་ནག་ཅན་གྱི་ཀྲུང་ཧྲན་གྱོན་གོས་བཀླུབས་ཤིང་། སྤྱན་ཟུར་ཤར་ཕྱོགས་ལ་རྒྱང་གཟིགས་མཛད་པའི་མའོ་ཀྲུའུ་ཞིའི་བྲིས་སྐུ་གསར་པ་ཞིག་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཞིང་། དེས་སྔར་བས་སྒམ་བརླིང་དང་ལྡན་པའི་ཚོར་སྣང་ཞིག་སྤྲད་ཡོད། ཀྲུང་གོ་གསར་པའི་ལས་དོན་དང་བྱེད་སྒོ་ཁག་སྤེལ་བ་དང་བསྟུན་ནས། མའོ་ཀྲུའུ་ཞིར་བྲིས་སྐུ་ཚད་ལྡན་ཞིག་བཞེངས་དགོས་ཀྱི་ཡོད། 

       ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་ཐོག་གི་མའོ་ཀྲུའུ་ཞིའི་བྲིས་སྐུ་སྔ་རྗེས་སུ་པར་གཞི་ཁག་དྲུག་བརྗེས་ཡོད་པ་སྟེ། ཚད་ལྡན་གྱི་པར་གཞི་ཁག་དང་པོ་གསར་བཞེངས་བྱས་པ་ནས། ཚད་ལྡན་གྱི་པར་གཞི་ཁག་བཞི་སྔ་རྗེས་སུ་གཏན་འཁེལ་བྱུང་བའི་བར། པར་གཞི་དེ་དག་ཚང་མས་མི་སེམས་ལ་བག་ཆགས་གཏིང་ཟབ་བཞག་ཡོད། 

       དུས་རབས་20པའི་ལོ་རབས་60པར། ཀྲུང་གུང་ཀྲུང་དབྱང་གིས་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་ཐོག་གི་མའོ་ཀྲུའུ་ཞིའི་བྲིས་སྐུ་དེ་དུས་སྟོན་གལ་ཆེན་གྱི་སྐབས་སུ་འགེལ་རྒྱུ་ནས་ཉིན་ལྟར་འགེལ་རྒྱུར་བསྒྱུར་བ་བཏང་བ་མ་ཟད། ལོ་རེའི་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་གསར་དུ་བཞེངས་པའི་བྲིས་སྐུ་ཞིག་བརྗེ་རྒྱུ་དང་། གསར་བཞེངས་ཀྱི་བྲིས་སྐུ་དེ་མའོ་ཙེ་ཏུང་གི་བྲིས་སྐུའི་ཚད་ལྡན་གྱི་པར་གཞི་ཁག་བཞི་པ་དཔེ་དབྱིབས་སུ་བྱས་ནས་འབྲི་བཞེངས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ཅིང་། གཏན་འབེབས་འདི་དུས་ད་ལྟའི་བར་དུ་ལག་བསྟར་བྱེད་བཞིན་ཡོད་པ་རེད།