ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཐད་ཀྱི་གཏམ་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས26ཉིན།ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གློག་ཤུགས་ཅན་ཅུས་ཀྱིས་སྐྲུན་འགན་འཁུར་བའི་ཏན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་འཐེན་འདྲུད་གློག་སྒྱུར་ཁང་ཐོག་མ་སྟེ་ལོ་སི་བན་སྣེ་འདྲེན་གློག་སྒྱུར་ཁང་གིས་གློག་སྐྱེལ་བ་ལེགས་གྲུབ་བྱུང་ཡོད།ཏན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླའི་དུམ་བུའི་འཐེན་འདྲུད་གློག་མཁོ་འདོན་མ་ལག་གི་ལྟེ་བ་གཅིག་རྗེས་གཉིས་མཐུད་ངང་འཁོར་སྐྱོད་བྱེད་འགོ་ཚུགས་ནས་རྗེས་མཐུད་ཤར་གཏོང་ལས་གཉེར་ལ་གློག་ཤུགས་འགན་ལེན་བྱ་རྒྱུ་ཡིན་པ་མཚོན་ཡོད།

    ཏན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་དུམ་བུའི་ལམ་ཐིག་ཧྲིལ་པོར་ལ་ཧྲི་ཧའེ་དང་།ཞིན་ཧྲང་། ལོ་སི་བན། ཝན་ལ་མུའུ།ཡང་ཐང་། སེམས་ཀྱི་ཉི་ཟླ་སོགས་འཐེན་འདྲུད་གློག་སྒྱུར་ཁང་6གསར་སྐྲུན་བྱས་ཡོད།ཐེངས་འདིར་བཏང་བའི་ལོ་སི་བན་འཐེན་འདྲུད་གློག་སྒྱུར་ཁང་དེ་ས་བབ་མཐོ་བའི་ས་ཁུལ་དུ་གནས་པ་དང་སྐྱེལ་འདྲེན་དང་ཨར་ལས་ཀྱི་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བས་རྒྱལ་ཁབ་ལྕགས་ལམ་ཁུན་མིང་ཅུས་ཀྱིས་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གློག་ཤུགས་ཅན་ཅུས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་བབས་ཚུགས་བཙུགས་རྗེས་རྣམ་གྲངས་པུས་གློག་ལེན་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་ཞིབ་ཚགས་སུ་བཏང་ནས་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ཏེ་ཐེངས་འདིའི་གློག་སྐྱེལ་ཐེངས་གཅིག་ལ་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ་རེད།

    འཐེན་འདྲུད་གློག་སྒྱུར་ཁང་གིས་གློག་སྐྱེལ་རྒྱུ་ལེགས་གྲུབ་བྱུང་བ་ནི་ལས་གཉེར་མ་བྱས་གོང་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་བདེ་འཇགས་བློས་འགེལ་ཆོག་པ་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན་པས་མི་འགྱངས་བར་སྤེལ་ལ་ཉེ་བའི་འགུལ་རྣམ་ཞིབ་བཤེར་རྩིས་ལེན་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    ཏན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་139.7ཡོད་པ་དང་།དེས་གཡུ་ལུང་གངས་རི་དང་སྟག་མཆོང་གྲོག་རོང་སོགས་འཛམ་གླིང་རིམ་པའི་མཛེས་ལྗོངས་ཁུལ་མང་པོ་སྦྲེལ་ཡོད་པས་མཁའ་ལམ་མཛེས་ཤོས་ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད།ཏན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་ལམ་དུམ་ནི་ལོ་འདིའི་ནང་ཤར་གཏོང་ཐུབ་ནས་ལས་གཉེར་བྱ་རྒྱུ་ཡིན་པ་དང་ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་5ཡས་མས་སུ་འབྱོར་རེ་ཡོད་པ་རེད།མེ་འཁོར་ཤར་གཏོང་ཐུབ་རྗེས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ཡུན་ནན་ནུབ་བྱང་ས་ཁུལ་གྱི་ལྕགས་ལམ་དྲ་བ་དང་སྐྱེལ་འདྲེན་ཞབས་ཞུའི་ཞན་ཆ་གསབ་རྒྱུ་ཡིན་པས། ས་ཁོངས་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱེད་པ་དང་ཡུན་ནན་ནུབ་བྱང་མི་རིགས་ས་ཁུལ་གྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ་དང་དེ་བཞིན་མཐའ་མཚམས་མི་རིགས་འདུས་སྡོད་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།