ཆོས་དབྱིངས་སྐྱིད་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ནང་ཚུད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-15   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ9པའི་ཚེས12ཉིན་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་འཛུགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། འཐུས་མི་ཚོགས་པ་དེར་ཁྱོན་མི1329ལས་གྲུབ་ཅིང་དེའི་ནང་ལུས་རྩལ་པ886ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་ཐའེ་ཆོན་དྲག་རྩལ་ལུས་རྩལ་པ་ཁྲེང་ཁའེ་དེའི་ནང་ཚུད་ཡོད་པ་རེད།

        སྐབས་འདིའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཁ་པ་ཏེ་དང་པང་ལེབ་སྤོ་ལོ་ཕུད་པའི་རྣམ་གྲངས་ཆེ་གྲས38དང་རྣམ་གྲངས་ཆུང་གྲས407གྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཕོ་མོའི་སྤྱི་ལེ35ཡི་མཉམ་བསྲེས་འགྲན་བསྡུར་གྱི་རྣམ་གྲངས་ནང་ཞུགས་རྒྱུ་དང་ཁྲེང་ཁའེ་སྐྱེས་པའི་སྤྱི་རྒྱ58རིམ་པའི་ཐའེ་ཆོན་དྲག་རྩལ་རྣམ་གྲངས་ནང་ཞུགས་རྒྱུ་རེད།

        དེ་སྔོན་ཆོས་དབྱིངས་སྐྱིད་ལ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཐོག་སྤྱི་ལེ20ཡི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མྱོང་། ད་ལོའི་སྤྱི་ཟླ3པར་ཆོས་དབྱིངས་སྐྱིད་ཀྱིས2023ལོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་ཆེན་མོའི་ས་ཚིགས་དང་པོ་ཡི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དང་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་བསྡུར་ནང་ཨང་གཉིས་པའི་ཕུལ་བྱུང་གྲུབ་འབྲས་བླངས་ཏེ་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དང་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གཅིག་སྡུད་སྦྱོང་བརྡར་ནང་ཚུད་ཡོད།