སྡེ་དགེ་རྫོང་དུ་ཐང་ག་བྲིས་རྩལ་གྱི་འགྲན་སྡུར་ཞིག་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-09-11   རྩོམ་ཁུངས།    ཁམས་པའི་དྲ་བ།

        སྡེ་དགེ་རྫོང་དམངས་ཁྲོད་རིག་གནས་གསར་གཏོད་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པའི་རིང་ཀརྨ་སྒར་བྲིས་ལུགས་ཀྱི“གསེར་གྱི་ལྡེ་མིག་བུམ་པ་རྟགས་མའི”ཐང་ག་བྲིས་རྩལ་གྱི་འགྲན་སྡུར་ཆེན་མོ་ཞིག་དུས་གཅིག་ཏུ་སྤེལ་བ་རེད། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ནས་བདམས་ཐོན་བྱུང་བའི་ལྷ་རིས་སྒྱུ་རྩལ་པ45ཡིས་སྟེགས་བུ་གཅིག་པའི་འགྲན་སྡུར་ནང་ཞུགས་ཏེ་ཀརྨ་སྒར་བྲིས་ཐང་གའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་། ཁྱབ་སྤེལ་ནུས་པ། ཤུགས་རྐྱེན་ནུས་པ་བཅས་མུ་མཐུད་དར་སྤེལ་བཏང་ཡོད་པ་རེད།

        འགྲན་སྡུར་གྱི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ།《ཡུལ་སྡེ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་བྱ་ཐབས》དང་ལེན་ཧུར་ཐག་བྱེད་པ། མི་རིགས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། སྒྱུ་རྩལ་ཤེས་ལྡན་པ་ཕུལ་བྱུང་དང་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དེ་བས་ལེགས་པའི་སྒོ་ནས་གསོ་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་རི་མོ་འབྲི་རྒྱུར་དགའ་པོ་ཡོད་མཁན་ཚོར་ཕན་ཚུན་སློབ་སྦྱོང་དང་ལག་རྩལ། བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་བཏོད་དེ། ཐུན་མོང་གིས་སྡེ་དགེའི་ཐང་ག་སྒྱུ་རྩལ་གྱི་རྩལ་ནུས་མཐོ་རུ་བཏང་ནས་མཐུན་སྒྲིལ། འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྡེ་དགེ་གསར་པ་སྐྲུན་རོགས་བྱས་པ་རེད།

        འགྲན་སྡུར་འདི་ནི་སྲོལ་རྒྱུན་གྱི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་དང་སྲོལ་རྒྱུན་གྱི་སྨན་ཐང་། བྱེའུ་སྒང་པའི་ལུགས་སོགས་ཀྱི་ཐང་ག་ཡིན་ལ། འགྲན་སྡུར་གྱི་སྐར་མ་སྟེར་ཚུལ་ནི། འགྲན་ཞུགས་པ་ཚོས་དུས་སྐབས་སྔ་མ་ནས་གསར་དུ་བྲིས་པའི་ཐང་ག་དང་འགྲན་ར་ཡུལ་དངོས་སུ་བྲིས་པའི་ཐང་ག་གཉིས་ལ་སྐར་མ་སྟེར་ཡོད་པ་རེད།

        སྤྱི་ཟླ9པའི་ཚེས8ཉིན་གྱི་སྔ་དྲོར། འགྲན་ཞུགས་པ་ཚོས་ཀརྨ་སྒར་བྲིས་ཐང་གའི་སྒྱུ་རྩལ་ལྟེ་གནས་སུ་ཆུ་ཚོད་གསུམ་གྱི་རིང་ལ་ཡུལ་དངོས་ནས་རི་མོའི་མཚོན་བྱ་བཀོད་སྒྲིག་དང་། ཐིག་རྒྱག་པ། བརྩམས་ཆོས་ཞིབ་འབྲི་བཅས་ཀྱི་སྒོ་ནས་ཐང་ག་བྲིས་ཤིང་། སོ་སོའི་སོར་རྩེའི་འཕྲུལ་གྱི་རྩལ་ལས་ཕུལ་བྱུང་གི་ཐང་གའི་བརྩམས་ཆོས་ལེགས་འགྲུབ་བྱས་ཡོད་པ་རེད།

        བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་མཁས་ཅན་དགེ་རྒན་ཆེན་མོ་བསྟན་དགའ་དང་། ཀརྨ་སྒར་བྲིས་ལུགས་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་དགེ་རྒན་ཆེན་མོ་ཡོན་ཏན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་མཁས་ཅན་དགེ་རྒན་ཆེན་མོ་ཉི་མ་འོད་གསལ། རྒྱལ་ཁབ་ཆེན་པོའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་པ་ཨོ་རྒྱན་རྡོ་རྗེ་བཅས་ཀྱིས་འགྲན་ཞུགས་པ་སོ་སོའི་དུས་སྐབས་སྔ་མར་བྲིས་པའི་ཐང་ག་ལ་ཞིབ་གཟིགས་ཀྱི་སྒོ་ནས་སྐར་མ་སྟེར་བ་རེད།

        2021ལོའི་ཀརྨ་སྒར་བྲིས་ལུགས་ཀྱི“གསེར་གྱི་ལྡེ་མིག་བུམ་པ་རྟགས་མའི”འགྲན་སྡུར་ཆེན་མོ་སྐབས་དང་པོའི་སྐབས་སུ། ཀརྨ་སྒར་བྲིས་ཐང་གའི་སྒྱུ་རྩལ་འགྲེམས་དངོས་བརྩམས་ཆོས140ལྷག་ཙམ་བསྡུ་རུབ་བྱས། འདི་ནི་ཀརྨ་སྒར་བྲིས་ཐང་གའི་སྒྱུ་རྩལ་སྤུས་དག་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་རེད།

        གླེང་རིན་ཡོད་པ་ཞིག་ནི། ཀརྨ་སྒར་བྲིས་ལུགས་ཀྱི“གསེར་གྱི་ལྡེ་མིག་བུམ་པ་རྟགས་མའི”ཐང་ག་བྲིས་རྩལ་གྱི་འགྲན་སྡུར་ཆེན་མོ་སྐབས་གཉིས་པ་འདི་ནི་ཀྲེ་ཅང་ཕུའུ་དབྱང་དང་སྡེ་དགེ་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལག་ལེན་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་སྡུར་མཇུག་བསྒྲིལ་རྗེས་སྡེ་དགེ་རྫོང་གིས་རིགས་མི་འདྲ་བར་གཞིགས་ནས་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་པ་དང་འབྲེལ་བྱ་དགའ་སྤྲད་པའི་མཛད་སྒོ་སྤེལ་ཡོད་པ་རེད།