རྩོམ་པ་པོ།   གཡང་རྒྱལ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2023-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།
སྟོན་ཟླ་བརྒྱད་པའི་ཀན་ལྷོའི་རྩྭ་ཐང་དུ་མེ་ཏོག་སྣ་བརྒྱ་སྡུག་གུར་བཞད་པ་དང་། སྤུ་སྡུག་འདབ་ཆགས་དུ་མས་གསུངས་སྐད་ལྷང་ལྷང་སྒྲོག་པས་ཡུལ་གྲུ་ཀུན་ལ་གསོན་ཤུགས་ཀྱིས་ཁེངས་ཤིང་། འབྲོག་པ་རྣམས་ཀྱིས་གཡང་དཀར་སྤང་ལ་བཀྲམས་ཤིང་། གནག་ཕྱུག་རི་ལ་འཚོས་པས། ཡུལ་འདིའི་སྣོད་བཅུད་གཉིས་ཀས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་བཞིན་མཆིས། དེ་ཡང་ཀན་ལྷོ་གཙོས་གྲོང་ཁྱེར་ནས་ཧ་ལམ་ཆུ་ཚོད་གཅིག་གི་ལམ་ལ་ཕྱིན་རྗེས། གསར་འགོད་པ་རྣམས་ཀན་ལྷོ་ས་ཆར་བོད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་འབྲོག་སྡེ་སྟེ། ཀ་ཤུལ་སྡེ་བར་འབྱོར་སོང་།
ཀ་ཤུལ་སྡེ་བའི་སྣོད་བཅུད།
ཀ་ཤུལ་སྡེ་བ་ནི་ཀན་ལྷོ་ཀླུ་ཆུ་རྩྭ་ཐང་གི་ལྟེ་བར་གནས་པའི་རྒྱལ་ཁབAAAAརིམ་པའི་བོད་ཁྱིམ་རིག་གནས་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དུ་ཆགས་ཡོད་ཅིང་། ལོ་ངོ་ཉི་ཤུའི་སྔོན་ལ། ཡུལ་འདིའང་མཚོ་བོད་མཐོ་སྒང་གི་འབྲོག་ཁུལ་གཞན་དང་འདྲ་བར་ཕྱུག་རིགས་འཚོ་སྐྱོང་བྱེད་པའི་འབྲོག་སྡེ་ཞིག་ཡིན་ལ། འབྲོག་པ་རྣམས་ཀྱིས་རྩྭ་ཆུའི་བཟང་ངན་ལྟར་རུ་སྤོས་ནས་འཚོ་བ་རོལ་ཏེ། ཕ་མེས་ཡང་མེས་ནས་བརྒྱུད་པའི་ཁྱིམ་གཞིས་བརྟན་སྲུང་བྱེད་བཞིན་ཡོད། ལོ་ངོ་ཉི་ཤུའི་རྗེས་སུ། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་ཉི་འོད་འོག་ཏུ། འབྲོག་སྡེ་འདིའང་དེང་རབས་ཅན་ལ་ཁ་ཕྱོགས་པ་སྟེ། སྔར་གྱི་འབྲོག་པའི་རྣམ་པ་ནས་རིམ་བཞིན་སྡོད་ཁང་དུ་གཏན་སྡོད་བྱས་ཤིང་། ལྷག་པར་དུ་ཀན་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འབོད་སྐུལ་ལྟར། གད་སྙིགས་གཙང་སེལ་དང་། ཆབ་ཁང་གསར་བརྗེ་སོགས་སྔ་རྗེས་སུ་སྤེལ་མཐར། ད་ལྟ་སྐྱེ་ཁམས་ཁོར་ཡུག་གི་ཐད་དུ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ཀ་ཤུལ་སྡེ་བའི་འབྲོག་ཁྱིམ་གླིང་གི་ཟས་ཅོག
ཐོན་སྐྱེད་རྣམ་པར་འགྱུར་ལྡོག་བྱུང་བའི་སྟབས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་བླང་བྱའང་གསར་པ་ཞིག་བྱུང་ཡོད་པ་གདོན་མི་ཟ། ཏང་དང་སྲིད་གཞུང་གི་རོགས་རམ་དང་སྣེ་ཁྲིད་འོག་ཏུ། ཀ་ཤུལ་སྡེ་བས་བོད་རང་གི་རིག་གནས་རྒྱུད་འཛིན་བྱེད་པ་དང་དུས་མཚུངས་སུ། གནས་བབ་གསར་པར་གདོང་གཏད་དེ། བསམ་བློར་འགྱུར་ལྡོག་བཏང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ཡར་ཐོན་དགེ་ལེགས་ཀྱི་བསམ་པ་བཅངས་ཡོད། ཀ་ཤུལ་གྲོང་རྡལ་གྱི་འགོ་གཙོ་གདུགས་དཀར་རྒྱལ་ན་རེ།“ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་འབྲོག་པ་རྣམས་ཀྱི་ཡོང་སྒོ་སྣ་རྐྱང་ཡིན་པའི་གནས་བབ་ལ་འགྱུར་ལྡོག་བཏང་བས། ད་ལྟ་ཚང་མས་འབྲོག་ལས་རྐྱང་རྐྱང་ཙམ་ལ་བརྟེན་མི་དགོས་པ་དང་། རྩྭ་ཐང་གི་ཁུར་བོ་ཡང་ཇེ་ཡང་དུ་སོང་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐད་ལ་མ་རྩ་གཏོང་ཤུགས་ཆེ་རུ་ཕྱིན་པས། མིག་སྔར་རྩྭ་ཐང་སླར་གསོ་གང་ལེགས་བྱུང་ཡོད”ཟེར།
ཁྱིམ་བདག་གིས་གསར་འགོད་པར་བོད་ལུགས་མོག་མོག་སྟོན་བཞིན་པ།
ད་ལྟ། འབྲོག་པ་ཚོར་སྡོད་ཁང་ལེགས་པོ་ཡོད་པར་མ་ཟད། སློབ་གསོ་དང་སྨན་བཅོས་ལའང་ཕྱོགས་ཡོངས་ནས་འགན་སྲུང་ཐོབ་ཡོད་པས། ཀ་ཤུལ་སྡེ་བ་དེ་ཀན་ལྷོའི་སྐྱེ་ཁམས་ཡུལ་སྐོར་གྱི་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཏུ་གྱུར་ཡོད།
ངོགས་གཉིས་ཀྱི་གསར་འགོད་པ་ཚོ་ཀ་ཤུལ་སྡེ་བར་འབྱོར་བ།
ངོགས་གཉིས་ཀྱི་གསར་འགོད་པ་ཚོས་མུ་མཐའ་མེད་པའི་རྩྭ་ཐང་དང་། བདེ་ཞིང་སྙོམས་པའི་སྲང་ལམ། གྲལ་ཁ་འགྲིག་པའི་བོད་ཁྱིམ། མཛེས་ཤིང་སྡུག་པའི་ལྗོངས་རྣམ། བོད་པའི་རིག་གནས་ཀྱི་རྔམ་ཁ་སོགས་མཐོང་དུས། རང་དབང་མེད་པར་ཡིད་སྨོན་དང་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མི་འདུག