བོད་ཀྱི་ཤོ་དང་ཤོ་འབོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-29   རྩོམ་ཁུངས།    ཁམས་པའི་དྲ་བ།

图片

     བོད་ཀྱི་ཤོ་རྒྱག་པའི་ལུགས་སྲོལ་ནམ་ཙམ་དར་བ་ཡིན་པའི་དུས་ཚིགས་གསལ་པོ་ཞིག་མ་གོ་མོད། འོན་ཀྱང་ང་ཚོས་ཤོ་འབོད་ཀྱི་ནང་དོན་ལས་བོད་ཀྱི་ཤོ་རྒྱག་པའི་ལུགས་སྲོལ་ནི་ཧ་ལམ་གླིང་གེ་སར་རྒྱལ་པོའི་དུས་སུ་དར་ཁྱབ་བྱུང་བ་ཞིག་ཡིན་པ་རྟོགས་ཐུབ། ཅིའི་ཕྱིར་ཞེ་ན། ཤོ་འབོད་ཀྱི་ནང་དོན་ཕལ་ཆེར་གླིང་གི་དུས་ཀྱི་རི་ཆུ་དང་མི་སྣ་དོན་རྐྱེན་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པས་སོ།།

图片

     དེ་ཡང་ཁམས་མདོ་ཤོད་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་ཨ་ཁུ་བསྟན་པ་རྒྱ་མཚོས་བཤད་པ་ལྟར་ན། གླིང་རྗེ་གེ་སར་རྒྱལ་པོས་མ་འོངས་པར་གླིང་གི་ས་ཆ་འདིར་འབྱུང་བའི་གནས་ཚུལ་རྣམས་ཤོ་རྒྱག་པའི་རྩེད་འཇོ་ཁྲོད་དུ་བཅུག་ནས་མི་ཚང་མས་གོ་བདེ་བའི་ཤོ་འབོད་བཟོས་པ་རེད་ཅེས་གསུངས་པ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ།  ང་ཚོས་གླིང་སྒྲུང་མང་པོ་ལ་བལྟས་པ་ཡིན་ན་ཤོ་འབོད་ཀྱི་ནང་དོན་དང་འཚམ་པའི་གནས་ཚུལ་ཧ་ཅང་མང་པོ་ཡོད་པ་རེད།  གང་ལྟར་ཡང་བོད་ཀྱི་ཤོ་དང་ཤོ་འབོད་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རང་བཞིན་ལྡན་ཞིང་ལུས་ངག་ཡིད་གསུམ་མཉམ་དུ་འཛོམས་དགོས་པའི་རྩེད་འཇོའི་སྒྱུ་རྩལ་གྱི་གྲས་ཅིག་ཡིན་ལ།བོད་རིགས་ཡོངས་ཀྱིས་དགའ་པོ་བྱེད་ཅིང་དུས་ཆེན་དང་ཁོམ་དལ་བྱུང་དུས་ཚང་མས་ཤོ་བརྒྱབ་ནས་སྣང་བ་སྐྱིད་པོའི་ངང་དུས་འདས་ཀྱི་ཡོད།དེ་ཡང་ཤོ་ལ་ཚང་དགོས་པའི་རྒྱུ་ཆ་འདི་དག་ཡོད་དགོས་ཏེ། ཤོ་དང་། ཤོ་གདན་དང་། ཤོ་ཕོར་དང་། ཤོ་ཆུ་དང་། ཤོ་འབྲུ་བཅས་སོ།། ཤོ་གྲུ་བཞི་ངོས་དྲུག་མ་ནི་བྱ་གོ་བོའི་རུས་པའམ།སྒོ་ཕྱུགས་རྟུལ་བོའི་རུས་པའམ།ཤིང་ལས་བྱས་པ་སོགས་གང་རུང་གིས་ཆོག་ཅིང་ཤོ་མིག་གཉིས་ནས་དྲུག་བར་ཡོད་པའི་ཤོ་གཉིས་དགོས་པས་ཁྱོན་ཤོ་མིག་བཅུ་གཉིས་ཡོད།ཤོ་མིག་གཉིས་ནས་བཅུ་གཉིས་བར་གྱི་མིང་འབོད་སྲོལ་ཡང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། ཤོ་མིག་གཉིས་ཅན་ལ་པ་ར་དང་། གསུམ་ཅན་ལ་སུག བཞི་ཅན་ལ་ཟིང་། ལྔ་ལ་ཁ། དྲུག་ལ་འབྲུག བདུན་ལ་ཧྲིལ། བརྒྱད་ལ་སྐྱ། དགུ་ལ་དགུ། བཅུ་ལ་ཆུ། བཅུ་གཅིག་ལ་ཐོག  བཅུ་གཉིས་ལ་འཇང་ཟེར་རོ།། ཤོ་གདན་ནི་རྒྱུ་ཀོ་བ་ལས་བྱས་ཤིང་དབྱིབས་སྒོར་སྒོར་ཡིན་ཞིང་། བར་གསེང་དུ་སོག་མའམ་བལ་དང་སྲིན་བལ་སོགས་བཅུག་ན་ཆོག་ཅིང་ཆེ་ཆུང་བོད་ཀྱི་གྲོ་སྲེག་གི་ཞེང་ཚད་དམ་སྡེར་མའི་ཞེང་ཚད་ཙམ་བྱས་ཆོགཤོ་ཕོར་ནི་ཤིང་ལས་གྲུབ་ཅིང་ཤིང་ཕོར་དང་འདྲ་ཞིང་ཕོར་གདན་མེད་པའི་ཤིང་ཕོར་ཡུ་མོ་ཞིག་ཡིན།ཤོ་ཆུ་ནི་གནའ་དུས་ཀྱི་ཊ་གའམ་ལྕགས་སྒོར་རམ་ཟངས་སྒོར་གང་རུང་གིས་བྱས་པ་ཡོད་ཅིང་མི་རེ་ལ་ཤོ་ཆུ་དགུ་རེ་དགོས། ཤོ་ཆུ་མང་པོ་འཛོམས་ན་མི་མང་པོས་ཤོ་རྩེདབྱེད་ཆོག་པ་དང་ལྟད་མོ་ཡང་ཆེན་པོ་ཡོད། ཤོ་འབྲུ་ནི་སྲན་དཀར་ཆེན་པོའམ་ཡང་ན་རྡོ་འབྲུ་སོགས་བརྒྱ་ནས་ཉིས་བརྒྱ་བར་སྐབས་དང་བསྟུན་ནས་བཞག་ཆོག་པ་ལས་ངེས་པ་མེད། ཤོ་རྒྱག་པའི་ཚེ་ཤོ་ལས་ཏེ་ཤོ་མིག་གང་ཕོག་ཤོ་འབྲུ་བཅད་ནས་བཞག་དགོས་ཤིང་ཤོ་དང་བརྒྱབ་ཕོག་པའི་ཤོ་མིག་གང་རུང་ལ་མ་ཆུ་ཟེར་ཞིང་གཉིས་རེ་བཞག་དགོས། རྒྱག་ཐེངས་གཉིས་པའི་དུས་སུ་དེ་ནས་ཤོ་ཆུ་རེ་རེ་བྱས་ནས་བཞག་དགོས།གལ་ཏེ་རྒྱག་ཐེངས་གཉིས་པའི་དུས་སུ་ཡང་ཤོ་དང་པོ་རྒྱག་པའི་ཤོ་མིག་གྲངས་དང་འདྲ་འདྲ་ཡིན་ཚེ་མ་ཆུའི་སྟེང་དུ་ཤོ་ཆུ་གཉིས་བརྩེགས་ཆོག་པས་ཁྱོན་ཤོ་ཆུ་བཞི་བསྡོམས་ནས་ཡོད་པ་རེད།ཐེངས་གསུམ་ཡང་སྔ་མ་གཉིས་དང་འདྲ་ན་རིགས་བསྒྲེས་ནས་ཤོ་ཆུ་དྲུག་བསྡོམས་དང་བརྒྱད་བསྡོམས་བྱས་ཆོག  ཡིན་ན་ཡང་དེ་འདྲའི་རིགས་ནི་ཧ་ཅང་དཀོན་ནོ།།ཤོ་རྒྱག་པའི་ཚེ་ཐོག་མ་བཞག་པའི་མ་ཆུ་ཉིས་ཆུ་དེ་རྗེས་མས་སྔ་མ་བསད་རེས་བྱེད་རྒྱུ་མེད་པ་མ་གཏོགས་དེ་མིན་ཤོ་ཆུ་གང་མང་ན་མང་བས་ཉུང་བ་བསད་ནས་མེད་པར་བཟོ་ཆོག་ལ།མཚུངས་པས་མཚུངས་པ་བསད་ནས་མེད་པར་བཟོ་ཆོག  སྔོན་མ་སྔོན་དུ་ཤོ་ཆུ་བརྩེགས་ཅི་ཐུབ་དང་བྲོས་ཅི་ཐུབ་བྱེད་དགོས་པ་དང་རྗེས་མས་སྔོན་མ་བསད་ཅི་ཐུབ་དང་དེད་གང་ཐུབ་བྱེད་དགོས་པ་རེད། ཤོ་རྒྱག་མཁན་གྱི་ལག་པའི་ནང་གི་ཤོ་ཆུ་ཚང་མ་མཉམ་བསྡོམས་བྱས་ཚར་རྗེས་སྔོན་དུ་ལ་མོ་སུ་བུད་མགྱོགས་ན་ཤོ་དེ་ཁེ་སོང་བ་རེད།  ཡིན་ན་ཡང་ཤོ་ལས་བྱས་ཚེ་ཡར་བཅད་མར་བཅད་མང་པོ་བྱེད་རྒྱུ་ཡོད་ཅིང་ལུང་པ་སོ་སོའི་ཤོ་རྒྱག་སྲོལ་ཡང་ཁྱད་པར་ཕྲན་བུ་རེ་བྱུང་བ་ནི་སྨོས་མ་དགོས་པ་རེད། དཔེར་ན།  མི་ལྔ་ཡོད་པའི་དབང་དུ་བཏང་ན། མི་ཨང་དང་པོས་འབྲུག་རྒྱག་པ་ཡིན་ན་ཤོ་འབྲུ་དྲུག་དེད་ནས་ཤོ་ཆུ་གཉིས་བཞག་དགོས། ཡང་མི་ཨང་གཉིས་པས་ཀྱང་འབྲུག་རྒྱག་པ་ཡིན་ན་འབྲུག་གི་ཐོག་བཞག་པ་ལས་སྔོན་མ་དེའི་མ་ཆུ་དེ་བསད་མི་ཆོག་པ་དང་། རྒྱག་རེས་གཉིས་པའི་ནང་དུ་གལ་ཏེ་ཤོ་མིག་དེ་གཞན་གྱི་མ་ཆུའི་སྟེང་དུ་ཕོག་སོང་བ་ཡིན་ན་འགྲོ་ལམ་བཀག་པས་བཞག་མི་ཆོག་ཅིང་རང་གི་མ་ཆུ་བཙན་གྱིས་སྒུལ་ནས་མདུན་དུ་བདར་དགོས།ཤོ་མིག་པ་ར་ཕོག་ན་ཤོ་ལན་གཅིག་རྒྱག་ཆོག་པ་མ་ཟད་ཕོག་པའི་ཤོ་མིག་གི་གྲངས་ཀ་ཐོག་ད་དུང་པ་རའི་ཤོ་གྲངས་གཉིས་སྣོན་ནས་རང་གི་ཤོ་ལས་གང་ལ་གང་འཚམ་བྱས་ཆོག   ཤོ་ཆུ་བསྡོམས་ཐེངས་རེར་ཤོ་ལན་རེ་རྒྱག་ཆོག་ལ་ག་ཚད་བསྡོམས་ཐུབ་ན་ཤོ་ལན་དེ་ལྟར་དུ་རྒྱག་ཆོག་པ་སོགས་ཤོ་རྒྱག་པའི་ལུགས་སྲོལ་མདོར་བསྡུས་ཙམ་སོང་ཟིན་ཞིང་ཤོ་ལས་ལ་མཁས་དང་མི་མཁས་ནི་རང་རང་སོ་སོའི་བློ་གྲོས་ཀྱི་རྩལ་ལ་རག་ལས་སོ།།ད་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤོ་འབོད་འཆད་པར་བྱ་སྟེ།  ཤོ་འོངས་དང་མི་འོང་རྒྱལ་ཁ་ཐོབ་དང་མི་འཐོབ་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ཤོ་རྒྱག་མཁན་གྱི་ཤོ་འབོད་གང་མཁས་དང་ང་རྒྱལ་གང་ཆེ་ལ་རག་ལས་ཀྱི་ཡོད་པས་ཤོ་རྒྱག་མཁན་གྱིས་ཤོ་འབོད་མ་ཤེས་ན་ཇ་ལ་ཚྭ་མ་བཏབ་པ་དང་འདྲ་བས་ཤོ་ལྐུགས་རྒྱག་བྱེད་མཁན་རྣམས་ཚང་མས་འཕྱ་སྨོད་ཀྱི་ཡུལ་དུ་གྱུར་ཏོ།།

图片
པ་ར།
པ་ར་སྤེན་པ་བཀྲ་ཤིས།།
བྲོ་བ་ཡར་འགྲོ་བཀྲ་ཤིས།།
པ་ར་ཕུད་ཀྱི་དང་པོ་རེད།།
ཡང་འབོད་ཕུད་ཀྱི་གཉིས་པ་རེད།།


སུག། 
སུག་སུག་བླ་མའི་དབུ་ཞྭ་རེད།།
མི་ལ་རས་པའི་སྒྲུབ་ཞྭ་རེད།།
སུག་དང་སུག་དང་མགོ་འབྲེལ་རེད།།
སྦྲང་དང་བུ་རམ་མངར་འབྲེལ་རེད།།
སུག་ལྡིང་ངེ་རྒྱལ་མཚན་ཏོག་སྐས་རེད།


ཟིང་།
ཟིང་པ་མི་ཟིང་དགུ་ཟིང་རེད།།
ཟིང་ཕྲུག་ཕྱག་ན་རྡོ་རྗེ་རེད།།
ཟིང་དང་མང་པོ་ཟིང་མྱོང་སྟེ།།
དཔའ་རྒྱ་ཚའི་རྣམ་རྟོག་འདྲ་ལེ་ཟིང་མ་མྱོང་།།


ཁ།
ཁ་ཞིག་ཁུར་ཤོག། 
ཟས་ཤིག་ཟ། 
མི་ཚང་གཉིས་ལ་གྱོང་ཞིག་འགེལ།།
ཁ་ཡ་སྐྱ་འགོ་ལ་བསང་ཅིག་གཏོང་།།
སྤྲིན་ཏ་ལེ་ཙམ་ཞིག་གཡས་པས་ཕྱར།།
ཁ་འབྲུག་ཁོང་འབྲུག་ཨ་རེད།།
སྒོག་པ་རང་འགྲུབ་ཨ་རེད།།



图片འབྲུག།
ཁ་འབྲུག་ཁོང་འབྲུག་ཨ་རེད།།
སྒོག་པ་རང་འགྲུབ་ཨ་རེད།།
འབྲུག་པ་ཨ་གཅིག་གི་ན་བཟའ།།
རྐང་སྣམ་དེ་གི་ཐགས་ག། 
ཧྲིལ་འབྲུག་འཁོར་བ་འདམ་ནས་བརྡབ།།
ཨ་ཙ་ར་བར་དོའི་ཡུལ་ནས་འཁྱམས།། 


ཧྲིལ།
ཧྲིལ་གྱི་འོག་ལ་རྫོང་ཅིག་བརྒྱབ།། 
རྫོང་དེ་བརྒྱ་རྫོང་འོ་མས་གང་།།
ཧོར་མི་ཧྲིལ་ཐོག་ལ་འདུག།
བུ་མོ་གནས་ཀྱི་ཐོག་ལ་འདུག།
དགའ་ས་ཡག་ས་སྐྱིད་ས་ཡིན།།


སྐྱ།
སྐྱ་བརྒྱ་བུ་ལ་ཆོས་ཞུས་ཐང་།།
ཡ་མ་པྲི་ད་ཁབ་ཀྱི་འདྲེན་ན་དགའ།།
སྐྱ་ཆུ་དར་དཀར་ཕུ་ནས་ཆུ་གཅིག་བྱུང་།།
འགྲོ་བ་སྐད་ཆེན་སྐད་ནི་སྐད་ཟེར་གཏོང་།།


དགུ།
སྒུག་དང་སྒུག་དང་ང་སྒུག་དང་།།
གྱི་ལིང་ཐོག་ལ་མཉམ་འགྲོ་ཡིན།།
སྒུར་སྒུར་བྱས་ནས་བོག་གཅིག་འཕེན།།
མགོ་ཤྭ་བ་ཡིན་ཡང་དོགས་ཟོན་གྱིས།།
རྒུ་རྒུ་ར་ཤ་ཕྲེང་མ་རེད།།
བསྟན་འཛིན་གཡུ་དང་བྱུ་རུ་རེད།།

ཆུ།
དབྱར་ཆུ་དབྱར་གྱི་ཆུ།།
དགུན་ཆུ་དགུན་གྱི་ཆུ།།
ཚ་བ་རོང་གི་ཆུ།།
ཟི་ལིང་སྤང་གི་ཆུ།།
འཇམ་པོ་དར་གྱི་ཆུ།།

ཐོག།
ཐོག་བཏབ་ན་ཐེའུ་རང་མགོ་ལ་བཏབ།།
སྤྲང་སྤྲུ་མའི་རྫ་ལོ་གནམ་ལ་གཏོར།།
ཐོག་སེར་ཆེན་ཐིམ་ག་མ་ཕོག་ན།།
གླིང་སེང་ཆེན་མགར་ཁང་སྟོང་པ་རེད།།
图片
འཇང་།
འཇང་ཆེན་འོག་ལ་རྩྭ་མ་སྐྱེས་ན།།
རི་ཁག་བདག་པོས་ཅི་ཟ་དགོས་རེད།།
འཇམ་འཇམ་ཐང་ལ་རྩྭ་མ་སྐྱེས་ན།།
མདོ་བ་རྟ་ཡིས་ཅི་ཞིག་ཟ།།
འཇང་བྱམས་པོ་གླིང་ཁམས་སྟོད་ལ་ཡོད།།
སྨན་བུ་མོ་ཧོར་ཡུལ་རྫོང་ལ་ཡོད།།
བཅུ་གཅིག་བྱམས་པོ་གླིང་གི་བུ།།
སྐེད་རགས་མེད་ན་སྦོ་ཤངས་ཡིན།།