གངས་དབང་གི་དེབ་གསར་བགྲོ་གླེང་ཚོགས་འདུ་དང་ལེགས་རྩོམ་གཅེས་བཏུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-24   རྩོམ་ཁུངས།    藏地阳光

        གངས་དབང་བཀྲ་ཤིས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གླེང་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

        བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་གངས་དབང་བཀྲ་ཤིས་ཀྱིས་ལོ་ངོ་བརྒྱད་དགུ་ཙམ་གྱི་རིང་ལ་ས་ཆ་སོ་སོའི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་རིག་གནས་ཀྱི་རྟགས་མཚན་འཚོལ་ཞིབ་བྱས་ཏེ། མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པ་དེབ་དང་པོ་དང་གཉིས་པ་པར་དུ་བསྐྲུན་པ་ནས་བཟུང་། མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་མང་པོས་དགའ་མགུ་ཡི་རངས་བྱས་པ་དང་། སྔ་ཕྱིར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ་ཡང་ཐོབ།

        གསར་དུ་དར་བའི་རིག་གནས་ལྷུག་རྩོམ་གྱི་འགྲོ་ལམ་རྒྱ་ཇེ་ཆེ་དང་སྤུས་ཀ་ཇེ་བཟང་ཡོང་བའི་ཆེད་དུ། སྤྱི་ཟླ་8པའི་ཚེས་18ཉིན་གྱི་དགོང་མོར།  མདོ་དབུས་ཁམས་གསུམ་གྱི་རྩོམ་རིག་ལ་དགའ་ཞེན་ཆེ་བའི་ལོ་ཉུང་ཁག་ཅིག་གིས་རང་འགུལ་ངང་ཁྲེང་ཏུའུ་རུ་གངས་དབང་བཀྲ་ཤིས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གླེང་བ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས།  ཚོགས་འདུ་ཐོག་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད་དང་། གངས་ལྗོངས་ཉི་གཞོན་གྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ། བོད་ལྗོངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་སྙན་ངག་པ་ཨུ་རྒྱན་ཚེ་རིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན་གཞོན་པ་འོད་ཟེར། གངས་དཀར་རི་བོ་བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་ཀུན་བཟང་རྣམ་རྒྱལ་སོགས་དང་། གཞན་ཡང་ལི་ཐང་དང་། བྲག་འགོ། གསེར་རྟ། དཔལ་ཡུལ་རྫོང་སོགས་ཀྱི་ན་གཞོན་རྩོམ་པ་པོ་ཉི་ཤུ་ཙམ་གྱིས་གངས་དབང་གི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》སྐོར་ལ་བགྲོ་གླེང་བྱས་པ་རེད།

        བགྲོ་གླེང་བྱེད་པའི་རིང་ལ་ཚང་མས་བོད་ཀྱི་རྩོམ་རིག་ནང་ལས་རིག་གནས་ལྷུག་རྩོམ་གལ་ཆེ་ཚུལ་དང་། གངས་དབང་གི་རིག་གནས་ལྷུག་རྩོམ་ཐད་ཀྱི་དགེ་མཚན་དང་ད་རུང་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཚུལ་སོགས་སྦ་གསང་མེད་པར་བཤད་པས་མ་ཚད། གངས་དབང་བཀྲ་ཤིས་ཀྱིས་ཀྱང་རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་ཐད་ཀྱི་མྱོང་ཚོར་བརྗེ་རེས་གནང་། ཚོགས་ཐོག་ཏུ་གངས་དབང་གིས་ད་སྔོན་བརྩམས་པའི་དེབ་གཉིས་པོ་ལས་བསམ་བློ་དང་སྒྱུ་རྩལ་གྱི་རིན་ཐང་ཡོད་པའི་ཚིག་དུམ་སུམ་ཅུ་ལྷག་ཙམ་ཟུར་དུ་བཏོན་ནས་གྱེར་འདོན་བྱས་པས། བགྲོ་གླེང་ཚོགས་འདུར་ཞུགས་མཁན་ཚང་མ་ལ་སྐུལ་སློང་ཆེན་པོ་ཐེབས་ཤིང་། ཚང་མས་རྗེས་མར་མུ་མཐུད་ནས་རང་ས་ནས་རྩོམ་རིག་ལ་འབད་པ་དང་། ཕན་ཚུན་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བཏོན་པ་རེད།

        བགྲོ་གླེང་ཚོགས་འདུ་ལས་ཤེས་རྟོག་བྱུང་བ་ལྟར་ན། མི་འགྱང་བར་གངས་དབང་གི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་གསུམ་པ་དང་བཞི་པའང་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཐོན་གྲབས་ཡོད་པ་རེད། །





ངོ་སྤྲོད་མདོར་བསྡུས།

གངས་དབང་།

        གངས་དབང་ནི་ཁམས་ཉག་ཆུ་རྫོང་གི་རོང་ས་ཞིག་ནས་སྐྱེས། སློབ་ཆེན་ལས་མཐར་ཕྱིན་རྗེས། ལོ་བཅོ་ལྔའི་རིང་ལ་དར་རྩེ་མདོ་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དུ་དགེ་རྒན་བྱས། བོད་ཡིག་དུས་དེབ་སོ་སོར་ལྷུག་རྩོམ་གཙོ་བོར་བྱས་པའི་བརྩམས་ཆོས་མང་ཙམ་སྤེལ་མྱངས། ད་བར་རིག་གནས་ལྷུག་རྩོམ་《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་དང་པོ་དང་གཉིས་པ། ལྷུག་རྩོམ་《ཕྱིར་ལོག་པའི་ལམ་དུ།》ཞེས་པ་པར་དུ་བསྐྲུན། 2018ལོ་དང་2021ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པ་དང་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ་ཐོབ། ད་ལྟར་མི་ཉག་དར་རྩེ་མདོ་རུ་ཚགས་པར་དང་དུས་དེབ། དྲ་བ་བཅས་ཀྱི་ལས་ཀ་སྒྲུབ་ཞོར་དུ་མུ་མཐུད་ནས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་མུ་འབྲེལ་རིག་གནས་ལྷུག་རྩོམ་འབྲི་བར་འབད་བཞིན་ཡོད། །