རྟ་མགྲིན་དབང་རྒྱལ་ཚང་གི་བདེ་སྐྱིད་འཚོ་བ།

རྩོམ་པ་པོ།   རིན་ཆེན། རྣམ་འཇོམས།  ཡིག་བསྒྱུར།       དུས་ཚོད།   2023-08-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་བདུན་པའི་ཨ་མཆོག་རྩྭ་ཐང་ན་མེ་ཏོག་རྣམ་པར་བཀྲ་ལ། སྐབས་རེར་མཁའ་དབྱིངས་དང་ཉེ་འགྲམ་གྱི་རྩྭ་གསེབ་དུ་བྱ་དང་བྱེའུའི་མགྲིན་གླུ་ལེན་སྙན་མོ་རེ་ཐོས་བྱུང་བས་རི་ལུང་འདིར་དབྱར་ཁའི་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་གིས་ཁེངས་འདུག  སྐབས་འདི་ནི་ཡུལ་འདིར་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱང་ཡིན་པས་གྲོང་མི་ཚོ་ཡུལ་སྐོར་སྣེ་ལེན་དང་ཞབས་ཞུའི་ལས་ལ་བྲེལ་བཞིན་འདུག་པ་མཐོང་། རྟ་མགྲིན་དབང་རྒྱལ་ཡང་སྒོ་ཕྱི་ནང་བར་ན་ཁྱིམ་ལ་ཡུལ་སྐོར་བ་ཡོང་བར་གྲ་སྒྲིག་གི་ཁྱིམ་ལས་ཙག་ཙིག་ལ་བྲེལ་ནས་འདུག    

 རྟ་མགྲིན་དབང་རྒྱལ།

    རྟ་མགྲིན་དབང་རྒྱལ་ནི་ཨ་མཆོག་གྲོང་རྡལ་རྔ་རྒོད་སྡེ་བའི་སྡེ་མི་ཞིག་ཡིན་ལ། ཕོ་ལོ་བཞི་བཅུར་བུད་པའི་ཁོ་བོ་ནི་མིང་སྲིང་བདུན་ཡོད་པའི་ནང་ནས་ཆེས་ཆུང་བ་ཡིན་པར་བཤད། དེ་སྔོན་ཁོང་ཚང་ཡུལ་འདིའི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། བཟའ་མི་མང་ལ་ཡོང་འབབ་ཉུང་བས་དཔལ་འབྱོར་དང་འཚོ་བར་དཀའ་ཁག་ཆེན་པོ་ཡོད་པར་བཤད། ཉེ་བའི་ལོ་འདི་དག་གི་རིང་རྒྱལ་ཁབ་ཀྱིས་ཕྱུགས་དོར་རྩྭ་སྲུང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན། སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་སྲིད་ཇུས་ལག་བསྟར་བྱས་པས། ཨ་མཆོག་གི་ཡུལ་ལུང་འདི་དང་ལྷག་པར་དུ་རྔ་རྒོད་སྡེ་བར་སྲིད་ཇུས་བཟང་བོའི་གཟིགས་སྐྱོང་མང་བོ་ཐོབ་པ་རེད། རྟ་མགྲིན་དབང་རྒྱལ་ཚང་ཡང་དེ་ལས་མ་འདས་པར་འདི་ལྟ་བུའི་སྲིད་ཇུས་བཟང་བོའི་བཀའ་དྲིན་འོག་དུས་ད་ལྟ་རྒྱབ་ཁབ་ཀྱིས་རོགས་སྐྱོར་བྱས་ནས་ཁྱིམ་ན་མགྲོན་ཁང་ཕྱེས་ཡོད་ལ། ལོ་གང་བོར་མགྲོན་ཁང་ནས་ཡོང་འབབ་ངེས་ཅན་ཞིག་ལེན་ཐུབ་པ་མ་ཟད། ཁྱིམ་ཚང་52ཡོད་པའི་སྡེ་བ་གཞུང་ན་ཡང་ཁྱིམ་ཚང་གཅིག་ལ་ལོ་རེར་སྒོར་10000ཡས་མས་ཀྱི་ཡོང་འབབ་བགོ་བཞིན་འདུག་ལ། རྟ་མགྲིན་དབང་རྒྱལ་ཁོང་རང་ཉིད་ཀྱང་རྔ་རྒོད་སྡེ་བ་འདིའི་ནང་གི་མི་ཅུང་བསམ་བློ་ཅན་དང་མིག་རྒྱང་ཡོད་མཁན་ཞིག་ཡིན་ཏེ། མ་འོངས་པར་སྐྱེ་ཁམས་དང་ཡུལ་སྐོར་ལ་རྟེན་ནས་ཕྱུག་འགྱུར་གྱི་འཚོ་བ་རོལ་དགོས་པ་སྔོན་དཔག་ཐུབ་པས། ལོ་འགའི་སྔོན་ལ་ཁོ་གྲོང་ཁྱེར་དུ་སོང་ནས་བོད་ཟས་གཙོ་བྱས་པའི་ཟ་མ་གཡོ་སྦྱོར་གྱི་ལག་རྩལ་ཡང་བསླབ་ཡོང་འདུག   དེ་ཕྱིར་ཁོང་ཚང་ན་ཡུལ་སྐོར་བ་འདུག་སའི་མགྲོན་ཁང་ཡོད་པ་མ་ཟད། ཟ་མ་ཟ་ས་ཡང་ཡོད་དེ་ཆ་རྐྱེན་ཧ་ཅང་མཛོམས་པོ་འདུག  རྒྱུས་ལོན་བྱུང་བ་ལྟར་ན་ཁོང་ལ་བྱིས་པ་གཉིས་ཡོད་ལ་ཆུང་བས་ཨ་མཆོག་གྲོང་རྡལ་ན་སློབ་ཆུང་འགྲིམ་བཞིན་ཡོད་ལ་ཆེ་བས་བསང་ཆུ་རྫོང་ཐོག་ན་དམའ་འབྲིང་འགྲིམ་བཞིན་ཡོད་པར་བཤད། 


 

  རྔ་རྒོད་སྡེ་བའི་རྣམ་པ་གསར་བ།

    རྟ་མགྲིན་དབང་རྒྱལ་ཚང་འདི་ལྟར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད་ལ། བཟའ་ཚང་གང་བོ་མ་འོངས་པའི་འཚོ་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ནས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་ལ་རོལ་བའི་ལམ་དུ་མདུན་ནས་མདུན་དུ་བསྐྱོད་བཞིན་འདུག  



 རྟ་མགྲིན་དབང་རྒྱལ་ཚང་གི་མགྲོན་ཁང་།