པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོཊ་འཚོཊ་འགོ་ཚུཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-17   རྩོམ་ཁུངས།    མི་དམངས་དྲ་བ།

 “བོད་རིག་པའི་དར་རྒྱས་གོང་འཕེལ་དང་སྒོ་དབྱེའི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་ཉེ་ཆར་པེ་ཅིང་དུ་འཚོགས།རྒྱལ་ཕྱི་ནང་གྱི་མཁས་དབང320ཚོགས་འདུར་ཞུགས་ཡོད། དེའི་ནང་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་དེ་བཞིན་ཕྱི་རྒྱལ་གྱི་ཚོགས་ཞུགས་མཁས་དབང40ལྷག་ཙམ་ཡོད་པ་རེད།

    པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ནི་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་རིག་གཞུང་ཚོགས་འདུའི་གྲས་ཤིག་ཡིན་ལ། སྤྱི་ལོ1991ལོ་ནས་ད་བར་སྐབས་དྲུག་གཉེར་བ་དང་། སྐབས་གོང་མའི་དཔྱད་གླེང་གྲོས་ཚོགས་ནི2016ལོར་འཚོགས་པ་རེད།

    སྐབས་འདིའི་དཔྱད་གླེང་གྲོས་ཚོགས་ནི་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། སློབ་གསོ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས། སྤྱི་ཚོགས་ཕྱོགས་སྒྱུར་དང་འཕོ་འགྱུར། མཚོ་བོད་གླིང་སྣེའི་བཟོ་བཀོད་དང་མིའི་འཚོ་གནས་ཁོར་ཡུག་སོགས་རིག་ཚན་ཚོགས་ཆུང20བཙུགས་ཡོད་པ་རེད། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྲུང་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིན་རུའེ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཁྲེན་ཙུང་རུང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་སུའོ་ལིན་བཅས་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས།

    ཁྲེན་ཙུང་རུང་གིས་འགོ་ཚུགས་མཛད་སྒོའི་ཐོག མིག་སྔར་བོད་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་བརྟན་ལྷིང་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་བོད་རིག་པའི་ཞིབ་འཇུག་ལ་ཐོབ་དཀའ་བའི་གོ་སྐབས་མཁོ་འདོན་བྱས་ཡོད་ལ་དེ་བས་མཐོ་བའི་བླང་བྱ་གསར་པའང་བཏོན་ཡོད། བོད་རིག་པ་ཞིབ་འཇུག་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་ཆེད་ཞབས་འདེགས་ཞུ་བ། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་སྒྲིག་གཞིའི་དབར་རྣམ་པ་སྣ་ཚོགས་ཀྱི་རིག་གཞུང་སྟེགས་བུ་བསྐྲུན་ནས་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་ངང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོའི་བོད་རིག་པའི་ལས་རིགས་ཀྱིས་འཛམ་གླིང་ས་གནས་ཁག་གི་བོད་རིག་པའི་ཞིབ་འཇུག་སྒྲིག་གཞི་དང་། ཆེད་མཁས་པ་དང་མཉམ་དུ་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་བྱ་གཞག་སྔར་བས་དར་རྒྱས་དང་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་རར་སྔར་བས་འོད་སྟོང་འཕྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས།

    དེ་ཉིན་དཔྱད་གླེང་གྲོས་ཚོགས་ཐོག་སྐབས་ལྔ་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ་དང་།《ཡོན་རྒྱལ་རབས་ཚུན་གྱི་བོད་ལྗོངས་ས་གནས་དང་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་བའི་ཞིབ་འཇུག(སྟོད་ཆ་དང་སྨད་ཆ)》དཔེ་དེབ་ལ་དམིགས་བསལ་བྱ་དགའ་ཐོབ་པ་དང་། གཙོ་གཉེར་ཕྱོགས་ཀྱིས་ད་དུང་ཀྲུང་གོའི་བོད་ཡིག་རིག་གཞུང་དུས་དེབ་ཀྱི་སྤྱི་ཚོགས་དཔྱད་འཇོག་མ་ལག་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་ཆེད་མཁས་པ་བདུན་གྱིས་གཙོ་དོན་གཏམ་བཤད་སྤེལ་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ཀྱི་ཐད་ནས་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།

    ད་ཐེངས་ཀྱི་དཔྱད་གླེང་གྲོས་ཚོགས་དེ་ཚེས16ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། གྲོས་ཚོགས་མཇུག་འགྲིལ་རྗེས། གཙོ་གཉེར་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་རྟོག་ཞིབ་དང་བརྟག་ཞིབ་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།