ཉི་ཤར་ཤང་གིས་བྱ་ཐབས་གསུམ་བརྒྱུད་དེ་ཞིང་གྲོང་དར་སྤེལ་ལ་ཤུཊ་བསྣན་པ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་གིས་ཐོན་ལས་དང་།  རིག་གནས། སྣོད་བཅུད་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་བཏོད་དེ་གྲོང་གསེབ་ཏུ་གནས་སྡོད་བྱེད་པར་འཚམས་པ་དང་ཞིང་པ་ཕྱུག་འགྱུར་ཡོང་བ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།   


        ཐོན་ལས་ཀྱི་ལས་ཀ་ཡག་པོ་སྒྲུབ་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་བཏང་བ།  

    གྲོང་གསེབ་ཕྱུག་པོ་ཡིན་མིན་ཐོན་ལས་ནི་སྲོག་ཤིང་ལྟ་བུ་ཡིན།   ཉེ་བའི་ལོ་ཤས་རིང་ཉི་ཤར་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་དང་བྱེད་ཐབས་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ནས་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མང་ཚོགས་ཆུང་གྲས་དང་།  ཁྱད་ཆོས། སྐྱེ་ལྡན།  སྤུས་ལེགས་བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་མཉམ་ལས་རྩ་འཛུགས་གསར་པ་ཁག་གཅིག་སྐྱེད་སྲིང་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐོན་ལས་མང་པོ་འཚོལ་ཞིབ་དང་འཕེལ་རྒྱས་བཏང་ཡོད།   ཁྱད་ལྡན་ཞིང་ལས་དམངས་ཕྱུག་གི་དམིགས་ཚད་གཏོད་རྒྱུར་དམིགས་ནས་གཙོ་བོ་གཅིག་ལ་ཁྱད་ཆོས་དུ་མའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར་ཉི་ཤར་བྱ་ཤའི་གསོ་ཚགས་ཐོན་ལས་རྒྱུན་མཐུད་ངང་གཉེར་ཡོད།  ཁ་ཚ་དང་། ཀྲུང་དབྱིའི་སྨན་རྒྱུ།  ཉི་ཤར་ཀུ་ཤུ།   རྫ་ནག   ཤིང་ཕོར་སོགས་ཁྱད་ལྡན་ཐོན་ལས་ཇེ་ལེགས་སུ་བཏང་ཡོད།   ཞིང་དུད་དང་རྟེན་གཞི་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་བརྟེན་ནས་མཐོ་གྲང་རི་ཁུལ་དུ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་བྱེད་པ་དང་།  ཕྱེད་རི་ཁུལ་དང་།  སྐམ་ཚའི་རོང་ཁུལ་དུ་སྤུས་ལེགས་ཀྱི་སྣུམ་ཁུའེ་དང་། ཤ་མོ།   ཉི་ཤར་ཀུ་ཤུ་སོགས་འདེབས་འཛུགས་བྱས་ཡོད།  མིག་སྔར་ཉི་ཤར་ཀུ་ཤུ་མུའུ་600ལྷག་ཙམ་དང་། ཁ་ཚ་མུའུ་400  སིལ་ཏོག་ལི་མུའུ་350བཅས་འདེབས་འཛུགས་བྱས་ཡོད།   ཉི་ཤར་ཀུ་ཤུ་ཁོ་ནར་ཉི་ཤར་ཤང་ཐང་སྨད་གྲོང་ཚོར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2འཕར་ཡོད་པ་རེད།   

     རིག་གནས་ཀྱི་ལས་དོན་ཡག་པོར་སྒྲུབ་ནས་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་སྔོག་འདོན་བྱས་ཡོད།  

    ཉི་ཤར་ཤང་གིས་བརྩེ་བའི་ཕ་ཡུལ་དང་རྫ་ནག་གི་ཕ་ཡུལ་ཞེས་པའི་ངེས་གནས་གཉིས་ལ་བརྟེན་ནས་ཉི་ཤར་གྱི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཙུགས་ཏེ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཉི་ཤར་གསར་དུ་བཏོད་ཡོད།   ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཉི་ཤར་ཤང་གིས་ཡུལ་སྐོར་དྲིལ་བསྒྲགས་ལ་བརྟེན་ནས་བྱམས་གླུ་དང་།  གྱོན་གོས། གོམས་གཤིས།  དུས་ཆེན།  བཟོ་རྩལ་སོགས་མཚོན་བྱེད་དུ་བྱེད་པའི་དམངས་སྲོལ་ཐོན་ཁུངས་ཀྱི་ལེགས་ཆ་བཀོལ་ནས་ཉི་ཤར་གྱི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་དར་སྤེལ་གཏིང་ཟབ་བཏང་སྟེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཉི་ཤར་བྱམས་གླུའི་ཡུལ་སྐོར་སྤུས་རྟགས་ཤིག་སྔར་བས་གཏོད་རྒྱུ་རེད།   རྫ་ནག་ལག་རྩལ་རྒྱུན་འཛིན་བྱ་ཡུལ་ཡིན་པའི་ཉི་ཤར་ཤང་དུ་རྫ་ཆས་ནག་པོ་ཐོན་སྐྱེད་བྱེད་མཁན་ཞིང་དུད་120ལྷག་ཙམ་དང་།  ལས་གཉེར་མི་སྣ་150ལྷག་ཙམ།  རྫ་ནག་དང་རྫ་ཆས་སྣ་ཁ་80ལྷག་ཙམ།  ཤང་ཡོངས་ཀྱི་ལོ་རེའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་400བར་འཕར་ནས་ཉི་ཤར་རིག་གནས་ཀྱི་རྫ་ནག་རང་ས་ལས་ཕྱིར་བརྒལ་ནས་མི་མང་པོ་ཞིག་གིས་རྒྱུས་མངའ་ཆེན་པོ་བྱེད་ཀྱི་ཡོད།   ཉི་ཤར་ཤང་གིས་བྱམས་གླུ་དང་རྫ་ནག་སོགས་རིག་གནས་ཀྱི་གཅེས་ནོར་དག་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཁྲོད་མཉམ་འདྲེས་བྱས་ནས་ཉི་ཤར་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་རྒྱུ་རེད།   


     སྣོད་བཅུད་ཀྱི་ལས་དོན་ཡག་པོར་སྒྲུབ་ནས་ལྗང་མདོག་གི་ཉི་ཤར་བསྐྲུན་པ།  

    ཉི་ཤར་ཤང་གིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་རི་ཆུ་ནགས་གསུམ་དང་།  ཞིང་ལས། མཚོ་དང་མཚེའུ།  རྩྭ་ཐང་བཅས་མ་ལག་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”དང་།  བཙོག་ཆུ་དང་གད་སྙིགས་གཙང་སེལ་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ཁོར་ཡུག་གི་རྣམ་པ་ཡག་པོ་ཞིག་གཏོད་ཡོད་པ་རེད།   རྨང་གཞི་དེའི་ཐོག་གྲོང་གསེབ་ཀྱི་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་།    ཞིང་ལས་དང་།  རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ལ་སྣང་ཆེན་བྱས་ནས་སྣོད་བཅུད་ལེགས་ཆ་དེ་དམངས་ཕྱུག་ཐོན་ལས་ལ་སྒྱུར་བ་དང་།  ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བ།  གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།