བདེ་ཆེན་གྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    “མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ག་ཚོད་ཡིན་ནམ”    “དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིས་གཟིགས་སྐྱོང་གང་ཞིག་ལོངས་སྤྱོད་བྱེད་ཆོག་གམ” “ཇི་ལྟར་བྱས་ནས་རླངས་འཁོར་བསྡད་དེ་མཛེས་ལྗོངས་ཁུལ་དུ་བསྐྱོད་དགོས” “མཛེས་ལྗོངས་ཁུལ་དེ་དག་ཕུད་སེམས་ཀྱི་ཉི་ཟླར་ད་དུང་ལྟ་སྐོར་དང་ཉམས་ལེན་བྱེད་རིན་གང་དག་འདུག་གམ”ཞེས་འདི་དག་ནི་ཡུལ་སྐོར་བས་རྒྱུན་དུ་འདྲི་བའི་དྲི་བ་རེ་རེ་ཡིན། དེ་ཡང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་ན་ཡོད་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་བློ་འདྲིའི་ཞབས་ཞུའི་ས་ཚིགས་སུ་ཡུལ་སྐོར་ཞབས་ཞུའི་དང་བླངས་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་ཡུལ་སྐོར་བར་བློ་འདྲིའི་ཞབས་འདེགས་ཞུ་བཞིན་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཏུ་ཆགས་ཡོད། 

       “ཁྱེད་ཀྱིས་བྱིས་པ་ཁྲིད་ནས་རྩེད་མོ་རྩེ་བར་ཡོང་བ་ཡིན་ནམ།   དེས་ན་ཡུན་ནན་སྤྲེའུ་སྤུ་སེར་སྤྱི་གླིང་དུ་ཕེབས་ནས་སྤྲེའུ་སྤུ་སེར་གྱི་འཚོ་གནས་ངང་ཚུལ་དང་འགུལ་སྐྱོད་ཀྱི་ཉམས་འགྱུར་ལ་རོལ་མྱོང་བྱས་ཆོག་པ་མ་ཟད།   ད་དུང་སྣོད་བཅུད་སྲུང་སྐྱོང་གི་ཤེས་བྱ་ཡང་མཉམ་དུ་སྦྱོང་ཆོག་གི་ཡོད”ཅེས་པེ་ཅིན་ནས་ཕེབས་པའི་ཡུལ་སྐོར་བ་ཀྲང་ལགས་ཀྱི་ཁྱིམ་མི་གང་བོས་དང་བླངས་པའི་ལན་ལ་ཉན་རྗེས་རང་གི་སྒེར་འཁོར་བཏང་ནས་སྤྲེའུ་སྤུ་སེར་སྤྱི་གླིང་གི་ཕྱོགས་སུ་བསྐྱོད་མགོ་བརྩམས།  ཀྲང་ལགས་ཀྱིས་ཡུལ་འདི་གའི་དང་བླངས་པ་ཤིན་ཏུ་སྤྲོ་སེམས་ཆེ་ཞིང་ལྗོངས་ཁུལ་ནས་རྩེད་མོ་གང་དག་རྩེ་ཆོག་པ་དང་ཇི་ལྟར་རྩེ་བའི་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་གནང་བས་ང་ཚོའི་དོགས་པ་མང་པོ་ཞིག་སེལ་བྱུང་།   ད་ནི་བྱིས་པ་ཁྲིད་ནས་ཡུལ་དེའི་ཁོར་ཡུག་དང་དམངས་སྲོལ་བཅས་ལ་རྒྱུས་ལོན་བྱེད་དུ་འགྲོ་རྒྱུ་ཡིན་ཟེར། 



       ཞབས་ཞུའི་ས་ཚིགས་སུ་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལམ་བུ། མིག་སྔའི་བྱེད་སྒོའི་ཆ་འཕྲིན་ངོ་སྤྲོད་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སྔོན་མངགས་ཀྱི་ཁྲིད་སྟོན་བཅས་ལ་རྒྱུས་ལོན་བྱས་ཆོག་ཅིང་། ཡུལ་སྐོར་དྲིལ་བསྒྲགས་ལག་དེབ་དང་། ཡུལ་སྐོར་ས་ཁྲ།  ཡུལ་སྐོར་དཔེ་དེབ་སོགས་ཀྱང་རིན་མེད་ངང་བླངས་ཆོག   ཀོང་ཀྲོའུ་ནས་ཐོན་པའི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ཀྱིས་ཞབས་ཞུའི་ས་ཚིགས་ཀྱི་དང་བླངས་པའི་ཁྲིད་སྟོན་བརྒྱུད་ནས་གནའ་གྲོང་གི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ནས་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་དུ་བསྐྱོད་པའི་ཐད་གཏོང་མེ་འཁོར་གྱི་སྤ་སེ་ཉོས།  ཁོ་བོས་བཤད་ན་དེ་སྔོན་པོ་ཏ་མཚོ་ལ་རྒྱུས་མངའ་དེ་ཙམ་མེད།  འདི་གར་སྐད་ཆ་དྲིས་རྗེས་མཛེས་ལྗོངས་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་ཐད་ཀར་བསྡད་དེ་བསྐྱོད་ཆོག་པས་སྟབས་ཧ་ཅང་བདེ་པོ་འདུག་ཟེར།       ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིས་འབོད་སྐུལ་དང་ལེན་ཞུས་ནས་གཞུང་ཁོངས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་ཧུར་ཐག་གིས་བསྟར་ནས་ཞབས་ཞུའི་དཔུང་ཁག་སྒྲིག་འཛུགས་དང་ཞབས་ཞུ་ཚད་ལྡན་ཅན་དུ་བཏང་ནས་ཡུལ་དངོས་སུ་ཡུལ་སྐོར་ཞབས་ཞུ་གནས་ཚུལ་འདྲི་རྟོག་ས་ཚིགས་བཙུགས་པ་དང་།   ལྷག་བསམ་རྣམ་དག་གིས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཡོད།    དང་བླངས་པའི་ཞབས་ཞུའི་དཔུང་ཁག་འདི་ལས་མི་80ལས་གྲུབ་པ་དང་ཁོང་ཚོས་ཉིན་མོ་རང་འགན་རང་འཁུར་དང་མཚན་མོར་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི“དྲིལ་བསྒྲགས་པ”ཞིག་ཏུ་གྱུར་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུས་ཡོད། ཉིན་རེའི་དགོང་མོའི་ཆུ་ཚོད་7པ་ནས་10པའི་བར་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བར་སྤུས་ལེགས་པ་དང་།  ནུས་པ་ཐོན་པ།  སྟབས་བདེ་བ་བཅས་ཀྱི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་ཡོད་པས་ཀུན་གྱིས་བསྟོད་བསྔགས་བྱ་ཡུལ་དུ་གྱུར་ཡོད།