འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས31པ་མཇུག་སྒྲིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-09   རྩོམ་ཁུངས།    ཁམས་པའི་དྲ་བ། 

        འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མཇུག་སྒྲིལ་མཛད་སྒོ་དེ་སྤྱི་ཟླ8པའི་ཚེས8ཉིན་གྱི་དགོང་མོར་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ་བ་རེད། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་མཇུག་སྒྲིལ་མཛད་སྒོར་ཞུགས་པ་རེད།

        འདས་ཟིན་པའི་ཉིན12ནང་རྒྱལ་ཁབ་དང་ས་ཁུལ113ནས་ཡོང་བའི་ལུས་རྩལ་པ6500ཡིས་ལང་ཚོའི་སྟོབས་ཤུགས་མངོན་ཞིང་ལང་ཚོའི་འོད་མདངས་འཚེར་བ་དང་།སྤྲོ་སེམས་འཕེལ་བའི་རྣམ་པ་ཡག་པོས་ལང་ཚོ་དང་།མཐུན་སྒྲིལ།མཛའ་གྲོགས་བཅས་ཀྱི་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོས་སྟབས་བདེ་དང་།བདེ་འཇགས།ངོ་མཚར་ཆེ་བ་བཅས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་འཛིན་ཏེ་གཟི་བརྗིད་ལྡན་པའི་ཁས་ལེན་དོན་འཁྱོལ་ནན་ཏན་བྱས་པས་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཚང་ཆེན་མོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ103དང་།གཟེངས་བསྟོད་རྟགས་མ178ཐོབ་ཅིང་།གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མའི་ཨང་དང་པོ་ཐོབ་ཡོད།

        ཚང་མ་ཡར་ལངས་ཏེ་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་ནས་དམར་མདངས་རབ་ཏུ་འཚེར་བའི་སྐར་ལྔའི་དར་དམར་དལ་གྱིས་མཐོན་པོར་བསྒྲེངས།

        ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཧོང་ཆང་གིས་ཤིས་ཚིག་ཕུལ་ནས་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ ལེགས་འགྲུབ་ཡོང་ཆེད་བྱས་རྗེས་འབུལ་མཁན་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

        རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ལས་ཚབ་ཀྲུའུ་ཞི་ཨའེ་ཏེ་ཡིས་ཤིས་ཚིག་ཕུལ་ཏེ་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ལས་དོན་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད། ཁོས་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པ་དེ་ལུས་རྩལ་གྲུབ་འབྲས་ཀྱི་ཆེད་དུ་ཡིན་པར་མ་ཟད།ལོ་རྒྱུས་དུམ་བུ་ཞིག་དང་ཚེ་གང་གི་མཛའ་གྲོགས་རྒྱུན་མཐུད་ཐུབ་པའི་ཆེད་དུའང་ཡིན་ཞེས་བཤད་པ་དང་། མཇུག་ཏུ་ཨའེ་ཏེས་ཁྲེང་ཏུའུ་སྐབས་སོ་གཅིག་པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་རེད།

        རིག་རྩལ་འཁྲབ་སྟོན་གྱི་འགོ་བརྗོད་ལས《ཕུགས་འདུན·ཐད་གཏོང་》དང་།དེ་བཞིན《ཕུགས་འདུན་གྱིས་ཚེ་སྲོག་བསྐྲུན》《ཕུགས་འདུན་གྱིས་ལང་ཚོ་མངོན།》《ཕུགས་འདུན་གྱིས་འབྱུང་འགྱུར་གཏོད》བཅས་ལེ་ཚན་གསུམ་ལ་དབྱེ་ཡོད་པ་རེད།

        རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གླུ་དང་བསྟུན་ནས་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་དལ་བུའི་ངང་མར་ཕབ་པ་རེད།

        རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་དར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འགོ་ཚུགས་ཏེ། ཁྲེང་ཏུའུ་གྲོང་ཁྱེར་གྱི་གྲོང་དཔོན་ཝང་ཧྥུང་ཁྲའོ་ཡིས་སི་ཁྲོན་ནས་ཡིན་པའི་ཨོ་རྩལ་འགྲན་ཚོགས་ལས་ཨང་དང་པོ་ཐོབ་མཁན་ཀའོ་མིན་དང་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལས་གསེར་གྱི་རྟགས་མ་ཐོག་མར་བླངས་མཁན་ཚའོ་མའོ་ཡོན་གྱི་ལག་ནས་ཚོགས་དར་བླངས་ཏེ་ཚོགས་ར་ཡོངས་སུ་གཡུག་གཡུག་བྱས་རྗེས་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨའེ་ཏེ་དང་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་སེན་ཁྲའོ་ལ་སྤྲད་པ་རེད། ཨའེ་ཏེ་དང་སེན་ཁྲའོ་ཡིས་སྐབས་རྗེས་མའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་འཚོག་ཡུལ་གྱི་ཚབ་ཞུས་པ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ནང་སྲིད་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་གྲོས་ཚོགས་ཀྱི་རྒྱལ་དོན་དྲུང་ཡིག་པ་ཨེ་ཙི་ཏེ་མིར་དང་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་ཨུ་ལྷན་པོ་ཁེ་ལ་སྤྲད་པ་རེད།

        འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ནང་སྲིད་དང་རྒྱལ་ཁབ་ས་ཆ་པུའི་གྲོས་ཚོགས་ཀྱི་རྒྱལ་དོན་དྲུང་ཡིག་པ་ཨེ་ཙི་ཏེ་མིར་གྱིས་ཤིས་ཚིག་ཕུལ་ནས་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་བར་མ་ཟད།འཛམ་གླིང་ཡོངས་སྐབས་རྗེས་མའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུར་སྤྲོ་སེམས་འཕེལ་པོས་གདན་ཞུ་བྱས་པ་རེད།

        དེ་རྗེས་ལའེ་དབྱིང་ལུར་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཚོ་ཆེན་ཨུ་ལྷན་གྱིས་ལྟད་མོ་བ་ཚོར་སྐར་མ5ཡི་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་འཇར་མན་གྱི་གཞོན་ནུའི་ཉམས་འགྱུར་དང་ས་གནས་དེ་གའི་རིག་གནས་ཀྱི་ཁྱད་ཆོས་གསོན་ཉམས་དོད་པོས་མངོན་པ་རེད།

        ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗེད་པར་དཀའ་བའི་དུས་སྐབས་དེ་བརྙན་ཤེལ་སྟེང་རེ་རེ་བཞིན་བཀྲ་བ་དང་།ཁྲེང་ཏུའུ་དང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་རྩ་ཆེའི་དྲན་ཤེས་སླར་ཡང་མངོན་པ་དང་།ཀྲུང་གོ་དང་འཛམ་གླིང་བར་གྱི་བརྩེ་སེམས་ཟབ་མོ་ནམ་ཡང་ཡིད་ལ་བརྟན་པོར་ངེས་སོ།།

        རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ལྷན་གཙོ་བོ་ཡང་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད།།