བར་སྐོར་ནང་གི་བོད་ཆས་པར་ལེན་ཁང་ལ་བཅོས་སྒྲིག་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-04   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་ཡུལ་སྐོར་བར་དམིགས་པའི་མི་རིགས་གྱོན་ཆས་པར་ལེན་ཁང་ལ་རིན་གོང་གང་བྱུང་བསྡུ་བ་དང་། འཛད་སྤྱོད་པ་འཕྲོག་རེས་བྱེད་པ། མི་རིགས་ཀྱི་གྱོན་ཆས་གྱོན་སྟངས་ཚད་ལྡན་མ་ཡིན་པ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐོན་ཡོད། ཡུལ་སྐོར་པར་ལེན་ལས་རིགས་ཀྱི་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ནས་ཡ་རབས་ཚུལ་ལྡན་གྱི་ཡུལ་སྐོར་ཁོར་ཡུག་ཅིག་གཏོད་ཆེད། ཟླ་8ཚེས་1ཉིན་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་བར་སྐོར་སྡེ་ཁུལ་ཨུ་ལྷན་བར་སྐོར་ཁྲོམ་གཞུང་གི་ཡུལ་སྐོར་པར་ལེན་ལས་རིགས་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་གྱི་བོད་ཀྱི་རྒྱན་གོས་རྒྱུན་ཤེས་སྦྱོང་བརྡར་ཁག་དང་པོ་བར་སྐོར་གནའ་གྲོང་དུ་སྤེལ་འགོ་ཚུགས་ཤིང་། ཡུལ་སྐོར་པར་ལེན་ལས་རིགས་ཀྱི་ལས་ཞུགས་མི་སྣ་60ཙམ་ཐེངས་འདིའི་སྦྱོང་བརྡར་ནང་ཞུགས་པ་རེད།

    ད་ཐེངས་ཀྱི་སྦྱོང་བརྡར་ནང་ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་བོད་ཀྱི་དམངས་སྲོལ་ཚན་ཁག་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མ། བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་ལོ་རྒྱུས་ཚན་ཁག་གི་དགེ་རྒན་གྲགས་ཅན། ལྷ་ས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མིག་དམར་ལྷ་མོ་གདན་འདྲེན་ཞུས་ཏེ་ཡུལ་སྐོར་པར་ལེན་ལས་རིགས་ཀྱི་ལས་ཞུགས་མི་སྣར་བོད་ཀྱི་རྒྱན་གོས་རྒྱུན་ཤེས་སློབ་སྟོན་བྱས་ཡོད།

       གཞན་ཡང་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ལྟ་སྐུལ་སུའོ་ཡིས་ཟླ་7ཚེས་25ཉིན་ནས་བཟུང་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་མི་སྣ་མངགས་ནས་ཁོངས་གཏོགས་ཁུལ(ཕོ་བྲང་པོ་ཏ་ལ་དང་ལྷ་ས་བརྒྱ་ཟོག་ཚོང་ཁང་གི་མཐའ་སྐོར)དུ་“བོད་ཆས་བོགས་གཏོང”གི་ཞབས་ཞུ་སྒྲུབ་མཁན་གྱི་ཚོང་དུད་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། མིག་སྔའི་བར་གཉེར་སྐྱོང་ཚོང་དུད་17ལ་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱེད་རིང་ཁྲིམས་འཛིན་མི་སྣས་ས་གནས་ས་ཐོག་ཏུ་ཚོང་དུད་ཀྱི་འགན་འཁུར་བར་བོད་ཆས་ཀྱི་གྱོན་ཆས་གཙང་མ་ཡོད་དགོས་པ་དང་། གྱོན་ཆས་གཙང་འཁྲུ་དུག་སེལ་ཁང་མང་དུ་བཏང་ནས་དུས་བཀག་ལྟར་གཙང་འཁྲུ་དུག་སེལ་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།