ཉི་ཤར་ཤང་གི་གྲོང་མིས་ཤ་མོ་བཏབ་ནས་ཡོང་འབབ་འཕར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དབྱར་གཞུང་གི་དུས་འདིར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོ་དབུང་ཆེ་ནགས་ཏང་གྲོང་མི་ཚོ་ཆུང་གི་སེམས་ཀྱི་ཉི་ཟླ་ཀུའེ་ཞིང་འདེབས་འཛུགས་ཚད་ཡོད་ཀུང་སིའི་དྲོད་ཁང་དུ་སྐྱོད་སྐབས་བཟའ་བྱའི་ཤ་མོའི་དྲི་ཞིམ་ཕྱོགས་བཞིར་འཐུལ་ཞིང་།ཤ་མཐུག་ཅིང་དབྱིབས་སྒོར་སྒོར་གྱི་བེ་ཤ་དམར་པོའི་སྐྱེས་སྟོབས་ཧ་ཅང་བཟང་། ཞིང་དུད་རྣམས་གོ་རིམ་ལྡན་པའི་སྒོ་ནས་བེ་ཤ་འཐུ་བ་དང་ཐུམ་རྒྱག་པ། དབོར་འདྲེན་བཅས་ཀྱི་ལས་ལ་བྲེལ་བཞིན་འདུག

    ཐང་སྨད་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཧོ་ཙི་ཆིང་གིས་ཉེ་བའི་ལོ་འགའི་རིང་།གྲོང་ཚོ་འདི་ཉིད་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་རེད། 2018ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀུའེ་ཞིང་འདེབས་འཛུགས་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས“ཏང་རྩ་འཛུགས་དང་།    ཁེ་ལས།   མཉམ་ལས་ཁང་།    ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་གཞིགས་ཏེ་བཟའ་བྱའི་ཤ་མོ་ཐོན་སྐྱེད་དང་།    བྲིན་ཚོང་།    ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་ཞིང་ལས་ཁེ་ལས་འཕེལ་རྒྱས་ཀྱི་མ་ལག་ཅིག་བཏོད་ཡོད།    ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་མང་ཚོགས་ལ་ལག་རྩལ་གསོ་སྦྱོང་དང་།   ཞིང་ཁར་ཡུལ་དངོས་སུ་མཛུབ་ཁྲིད།    ཤ་མོ་འདེབས་འཛུགས་ཀྱི་ཡུལ་དངོས་ཚོགས་འདུ་དང་སྤེལ་རེས་ཚོགས་འདུ་སྐོང་ཚོགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས།   རྒྱ་ཆེའི་ཤ་མོ་འདེབས་མཁན་གྱི་དོ་དམ་ལག་རྩལ་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ལ་འབབ་འཕར་དང་།    ཁེ་ལས་ལ་ཡོང་འབབ་ཡོད་པ།    གྲོང་ཚོ་ལ་མཉམ་སྡེབ་དཔལ་འབྱོར་ཡོད་པ་བཅས་ཀྱི་འགན་ལེན་བྱས་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    བཟའ་བྱའི་ཤ་མོ་ཐོན་སྐྱེད་བྱེད་པའི་དུས་འཁོར་ཐུང་བ་དང་།    དཔལ་འབྱོར་ཕན་འབྲས་བཟང་བ།    ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད།     ཉི་ཤར་ཤང་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀུའེ་ཞིང་འདེབས་འཛུགས་ཚད་ཡོད་ཀུང་སིས་ཤར་གཏོང་བྱས་པའི་བྲིན་ཚོང་ཐབས་ལམ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་དེ“དབུལ་སྐྱོར་བློ་སྐྱོར”དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་སྒྲིག་འཛུགས་བྱས་ནས་ཤ་མོ་འཐུ་སའི་རྒྱུན་གཏན་དོ་དམ་དང་།    སྔོག་འཐུ།   ལས་སྣོན་སོགས་ཀྱི་ལས་དོན་ནང་ཞུགས་ཏེ་ངལ་ནུས་ཐོབ་ཆ་རག་ཐབས་བྱས་ནས་ཉེ་འཁོར་གྱི་ས་གནས་དེ་གའི་དུད་ཁྱིམ་40ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།     མིག་སྔར་ཀུང་སི་དེས་ཁྱོན་བེ་ཤ་དམར་པོ་མུའུ་30ལྷག་ཙམ་དང་།དུས་ཚིགས་ལས་ལྡོག་པའི་ཀུ་ཀུ་ཤ་མོ་མུའུ་70ལྷག་ཙམ་བཏབ་པ་དང་སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་སྒོར་ཁྲི་300ལྷག་ཙམ་ཟིན་རྒྱུ་རེད།   

    ཧོ་ཙེ་ཆིང་གིས་གོམ་སྟབས་རྗེས་མར་ང་ཚོས་མ་དངུལ་དང་ལག་རྩལ་གྱི་གཏོང་ཆ་མང་དུ་བཏང་ནས་བཟའ་བྱའི་ཤ་མོ་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། བྲིན་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ།    ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ།    ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་བཟའ་བྱའི་ཤ་མོ་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ནས་ས་གནས་མང་ཚོགས་ཐག་རིང་དུ་འགྲོ་མ་དགོས་པར་རང་ཡུལ་ནས་ལས་ཀ་གཉེར་ཐུབ་པའི་གོ་སྐབས་ལྡན་པས།ཁེ་ཕོགས་ལེན་ཐུབ་ཅེས་བཤད་བྱུང་།