རོལ་མོའི་བསྟན་བཅོས་རྩ་འགྲེལ་དཔེ་བསྡུར་པར་དུ་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།



བོད་ཀྱི་རིག་གཞུང་ནི་འཛམ་གླིང་ཤེས་རིག་བང་མཛོད་ཁྲོད་ཀྱི་གཅེས་ནོར་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ། རྒྱལ་ཁབ་ཀྱིས་ཀྱང་མི་རིགས་ཀྱི་གནའ་དཔེ་ལས་དོན་ལ་གཙིགས་ཆེན་རྒྱ་ཆེར་གནང་བའི་སྐལ་བ་བཟང་པོ་དང་བསྟུན་ནས། འུ་ཅག་ལ་མེས་པོ་རྣམས་ཀྱིས་བཞག་པའི་ཕ་ནོར་རྩ་ཆེ་བར་བདག་པོ་རྒྱག་རྒྱུའི་བསོད་ནམས་ཀྱི་བགོ་སྐལ་བྱུང་བ་འདིའང་རང་རེའི་ཕྲག་ཏུ་བབ་པའི་གཟི་བརྗིད་དང་འགན་འཁྲི་ཞིག་ཏུ་བརྩིས་ཏེ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་གནའ་དཔེ་རྩ་ཆེན་འདི་དག་མྱུར་སྐྱོབ་དང་། འཐོར་བསྡུ། ལེགས་སྒྲིག པར་སྐྲུན་བཅས་བྱས་ནས་བོད་རིག་པའི་འཆད་རྩོད་རྩོམ་གསུམ་ལ་འཇུག་པ་ཡངས་པའི་མཁས་དབང་རྣམས་ལ་རིག་གཞུང་ཞིབ་འཇུག་གི་དཔྱད་གཞིར་འདོན་སྤྲོད་དང་མེས་པོའི་ཤུལ་ནོར་གཙུག་ལག་རིན་ཆེན་ལ་སྲུང་སྐྱོབ་དང་ཁྱབ་སྤེལ་བགྱི་བའི་འཕྲིན་ལས་གལ་ཆེན་ཞིག་ཀྱང་ཡིན་པར་འདོད་དོ། །

འདིར་གཙོ་སྒྲིག་པས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་རིག་པའི་གནས་ཀྱི་བྱེ་བྲག་གསལ་བར་བྱེད་པ་རོལ་མོའི་བསྟན་བཅོས་མདོ་ཙམ་བཤད་པ་ཞེས་བྱ་བ་དང་འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་རིག་པའི་གནས་ལྔ་ལས་བཟོ་རིག་པའི་བྱེ་བྲག་རོལ་མོའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་འཇམ་དབྱངས་བླ་མ་དགེས་པའི་སྙན་པའི་སྒྲ་དབྱངས་བློ་གསལ་ཡིད་འཕྲོག་ཕྲིན་ལས་ཡོངས་ཁྱབ་ཅེས་བྱ་བ་རྩ་འགྲེལ་གཉིས་པོད་གཅིག་གི་བདག་ཉིད་དུ་བྱས་ཏེ་པར་བསྐྲུན་བྱས་ཤིང་། དེར་རྩ་བ་ཞུ་དག་བྱེད་པའི་སྐབས་སུ་རྩེ་པོ་ཏཱ་ལར་བཞུགས་པའི་བྲིས་མ་དང་སྡེ་དགེའི་པར་མ་གཞིར་བཟུང་ནས་ལེགས་བསྒྲིགས་བྱས་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༨ལོའི་ཟླ་༡༠པར་པར་ཐེངས་གཉིས་པ་དཔར་དུ་བསྐྲུན་པའི་མགོ་འཚེམ་མ་དེ་བསྡུར་གཞིར་བཟུང་ཞིང་། དབུ་མེད་གནའ་དཔེ་བྲིས་མ་ཞིག་སྡུར་བྱེད་ལ་བཟུང་ནས་དཔེ་བསྡུར་ཞིབ་ཚགས་བྱས་ཡོད། འགྲེལ་པ་ཞུ་དག་བྱེད་པའི་སྐབས་སུ་སྡེ་དགེའི་ཤིང་པར་མ་དཔེར་བཟུང་ཞིང་། གོང་མཚུངས་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་མགོ་འཚེམ་མ་སྡུར་བྱེད་ཟུར་བར་བཟུང་ནས་དཔེ་བསྡུར་བྱས་ཡོད། དེ་གཉིས་ཞུ་དག་བྱེད་པའི་སྐབས་སུ་རོལ་མོའི་བསྟན་བཅོས་རང་གི་རྩ་བ་དང་འགྲེལ་པའི་ནང་དུ་བཀོད་པའི་རྩ་བ་གཉིས་ལ་མི་འདྲ་བ་ཅི་རིགས་ཡོད་པ་དག་མ་དཔེ་ལ་བརྩི་འཇོག་དང་། ཀློག་པ་པོ་དང་ཞིབ་འཇུག་པ་དག་ལ་སྟབས་བདེ་ཡོང་ཕྱིར་རྩ་བ་རང་དང་མཐུན་པར་འོག་མཆན་དུ་བཀོད་ཡོད།