སྟོན་གྱི་ཉིན་གཅིག

རྩོམ་པ་པོ།   ཅོ་བྱང་སྐར།  ཡིག་བསྒྱུར།       དུས་ཚོད།   2023-07-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



སྟོན་མཇུག་སྡོང་ལོ་དལ་གྱིས་བསྐྱོད་པ་ན། །

སྐྱ་རེངས་གོང་མ་ཤར་རིའི་ཕྲག་ནས་འཛུམ། །

སྦྲ་གུར་ནང་ནས་མ་ལོ་ཡར་ལ་ལངས། །

ལྷས་རའི་ནང་གི་གཡང་གི་ནོར་ལུག་ཚོ། །

གཅིག་རེ་གཉིས་འཕྲོ་བྱས་ནས་རྫ་རི་འགྲིམས། །


རྟ་བདུན་དབང་པོ་སྦྲ་གུར་སྟེང་དུ་འཕྲོས། །

རེ་བའི་བུ་ཆུང་ཉི་མའི་དྲོད་དང་ལྷན། །

འཛུམ་ཆུང་ཨ་ལོང་འདྲ་བོ་བསྟན་ནས་ནི། །

རེ་བ་མར་ལོ་འདྲ་བོ་འཁུར་ནས་ནི། །

གཡང་གི་སྒོ་ཕྱུག་རྗེས་སྙེགས་རྫ་ལ་སོང་། །


སྟོན་གྱི་ཉི་འོད་མི་དྲོ་མི་གྲང་པ། །

སྟོན་གྱི་རི་བོ་མི་སྐྱ་མི་སྔོ་བ། །

སྟོན་གྱི་འབྲས་བུ་མི་བསྲ་མི་སྙི་བ། །

སྟོན་ཟས་ནོར་ལུག་ཀུན་ལ་ཤིན་ཏུ་ཕན། །

སྟོན་གྱི་རྫི་བོའི་མིག་ལ་རེ་བ་ཁེངས། །


ཨ་ཕོ་ལུག་རྫི་བསྐོར་དང་བསྐོར་བྱས་ནས། །

གཡས་རི་གཡོན་རི་གླུ་ཡི་སྨྲ་སྒོ་ཕྱེ། །

ཨ་ཕོ་ལུག་རྫིའི་སྐད་ངག་རི་ལུང་ཁྱབ། །

ཨ་ཕོ་ལུག་རྫིའི་སེམས་ཀྱི་སྤྲོ་སྣང་དེ། །

རི་ལུང་བྲག་ཅའི་ཁྲོད་ན་སྤྲོ་ལྷང་ལྷང་། །


རླུང་བུ་བསིལ་མོ་དལ་གྱིས་རྒྱུ་བ་ན། །

གཡང་གི་ནོར་ལུག་དལ་གྱིས་ལྷས་རར་འདུས། །

ཨ་ཕོ་ལུག་རྫིས་འུར་རྡོ་སྐེད་བཀྲིས་ནས། །

གཡང་གི་ནོར་ལ་གོམས་པའི་གྲངས་ཤིག་བླངས། །

ལྕི་བའི་བྲོ་བ་རྩྭ་ཐང་ཡོངས་ལ་ཁྱབ། །


མཚམས་སྤྲིན་དམར་པོ་ས་མཐའི་མཚམས་ནས་ལྡིང་། །

དར་ལྕོགས་མཐོན་པོ་རླུང་དང་འགྲོགས་ནས་འཕུར། །

རེ་བའི་སྦྲ་གུར་ནང་ན་དགོད་སྒྲས་ཁེངས། །

སྟོན་ཀའི་དུས་ཀྱི་བསིལ་རླུང་འཇམ་ཞིང་ནེམ།། 

སྟོན་གྱི་དུས་ནི་འབྲས་བུའི་ཁུར་གྱིས་དུད། །