ཕྱག་ཕྲེང་གི་གྱང་ཁང་ལ་ས་དཀར་བླུགས་པའི་སྲོལ་ཇི་ལྟར་བྱུང་བའི་སྐོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-25   རྩོམ་ཁུངས།    ཁམས་པའི་དྲ་བ།

 བོད་ཀྱི་མཐོ་རིམ་ཨར་སྐྲུན་དགེ་རྒན་ཆེན་མོ་མི་ཉག་ཆོས་ཀྱི་རྒྱལ་མཚན་ལགས་ཀྱིས་གསུངས་པ་ལྟར་ན། མདོ་དབུས་མཐོ་སྒང་ལ་ཁང་པར་དཀར་སེར་དམར་སྔོ་སོགས་རྩི་སྣ་ཚོགས་བྱུགས་སྲོལ་ཡོད་པ་ལས། མང་ཆེ་ཤོས་ནི་དཀར་པོ་བྱུག་རྒྱུ་དེ་ཡིན། དཔེར་ན། དབུས་གཙང་ཆོས་ཀྱི་ཆོལ་ཁ་ལ་ཆ་མཚོན་ན། ད་བར་མི་ལོ༢༣༠༠ལྷག་སོང་བའི་འཛམ་གླིང་ཐོག་ལོ་རྒྱུས་རིང་ཤོས་ཀྱི་ཕོ་བྲང་ཡུམ་བུ་བརླ་མཁར་གྱི་རྡོ་རྩིག་དང་། ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་སོང་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་། ལྷ་ས་གྲོང་ཁྱེར་གྱི་དམར་པོ་རིའི་སྟེང་དུ་འགྱིངས་ངེར་ཆགས་པའི་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོ། དེ་བཞིན་དུ་སེར་འབྲས་དགེ་གསུམ་དང་དབུས་གཙང་གི་མི་ཚང་དཀྱུས་མའི་སྡོད་ཁང་ཕལ་ཆེར་དཀར་པོ་ཡིན། མདོ་ཁམས་ཕྱོགས་ལའང་ཁང་པར་དཀར་རྩི་བྱུགས་སྲོལ་རྒྱ་ཆེར་དར་བ་ལས། མཚོན་བྱེད་དུ་གྱུར་པ་ནི་ཁམས་ཕྱག་ཕྲེང་གི་གྱང་ཁང་ཡིན་པས། ༢༠༢༠ལོར་ཁམས་ཕྱག་ཕྲེང་ལ་ཀྲུང་གོའི་གྱང་ཁང་དཀར་པོའི་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་ཡོད།  

    ཁམས་ཕྱག་ཕྲེང་གི་གྱང་ཁང་ལ་དཀར་པོ་བླུགས་དགོས་པའི་རྒྱུ་མཚན་གང་རེད་ཅེས་ཕྱོགས་མཐའ་ནས་ཕེབས་པའི་སྐུ་མགྲོན་མང་པོ་ཞིག་གིས་དྲི་བ་བཏོན་པ་ལ་ང་རང་གིས་སྐད་ཆ་མགོ་མཇུག་ཚང་པའི་ལན་ཞིག་འདེབས་མ་ཐུབ། 

    སྟབས་ལེགས་པ་ཞིག་ལ། ༢༠༡༧ལོའི་ཟླ༡༠པར་བོད་ཀྱི་མཐོ་རིམ་ཨར་སྐྲུན་དགེ་རྒན་ཆེན་མོ་མི་ཉག་ཆོས་ཀྱི་རྒྱལ་མཚན་ལགས་ཕྱག་ཕྲེང་དུ་ས་དཀར་བླུགས་པའི་དུས་ཆེན་མཛད་སྒོར་ཕེབས་པའི་གོ་སྐབས་དང་བསྟུན་ནས། ང་རང་གིས་དགེ་རྒན་མཆོག་ཁམས་པའི་བརྙན་འཕྲིན་ཁང་གི་འཆད་ཁྲིད་སྒྲོན་མེའི་ལེ་ཚན་དུ་གདན་དྲངས་ནས། ཡུལ་དངོས་ཀྱི་མང་ཚོགས་ལ་གྱང་ཁང་དཀར་པོའི་ལོ་རྒྱུས་རིག་གནས་དང་གྱང་ཁང་དཀར་པོའི་སྲུང་སྐྱོབ་ཅེས་པའི་ལེ་ཚན་གཉིས་བརྙན་ཕབ་ཅིང་། ༢༠༡༨ ལོའི་ཟླ༡ཚེས༡༦དང་ཚེས༢༣ལ་དངོས་སུ་བརྙན་འཕྲིན་ནས་བཏང་ཡོད། སྐབས་དེར་དགེ་རྒན་ཆེན་མོ་ཁོང་གིས་གྱང་ཁང་དཀར་པོ་བཟོས་པའི་སྐོར་གསུངས་དོན། མདོ་དབུས་མཐོ་སྒང་དུ་གྱང་ངོས་ལ་ས་དཀར་དང་ས་དམར་བྱུགས་པ་ནི་བོད་སྔ་རབས་ཀྱི་གདོད་མའི་ཆོས་ལུགས་ཀྱི་དཀར་མཆོད་དང་དམར་མཆོད་ལས་བྱུང་། སྔོན་གྱི་ལོ་རྒྱུས་ལ་བལྟས་ན། འགྲོ་བ་མིས་ཐོག་མར་རྔོན་ལས་བྱས་ནས་བྲག་ཕུག་ལ་བསྡད་པ་དང་། སྒོ་ཕྱུགས་འཚོ་སྐྱོང་བྱས་ཏེ་སྦྲ་དང་གུར་ལ་བསྡད་པ། ས་ཁ་དམའ་སར་སོང་ནས་ཞིང་ལས་གཉེར་ཏེ་གྱང་ཁང་དང་རྡོ་ཁང་། ཤིང་ཁང་ལ་བསྡད་པའི་ལོ་རྒྱུས་འཕེལ་རིམ་ཞིག་ཡོད། ཞིང་པས་ཁང་པ་གསར་པ་བསྐྲུན་ནས་ཁང་སྟོན་གྱི་སྐབས་སུ་འགྲུལ་པ་རྣམས་ཀྱིས་གྱང་ངོས་སུ་མར་བྱུགས་པའམ་འོ་མ་མཆོད་དེ་དཀར་མཆོད་བྱེད་པའི་སྲོལ་དེ་རིམ་གྱིས་ས་དཀར་ཕྲན་བུ་བླུགས་པ་དེས་ཚབ་བྱེད། 

     བོད་ཀྱི་འབྲོག་ཁུལ་དུ་འབྲོག་པས་ཕན་ཚུན་སྐད་ཆ་བཤད་དུས། ད་ལོ་དཀར་ཅི་འདྲ། དམར་ཅི་འདྲ་ཞེས་པ་ནི། ད་ལོའི་ཡོང་འབབ་ལས་དཀར་པོ་ཞོ་འོ་མ་དང་། མར་ཕྱུར་བ་སྐོར་དང་། དམར་པོ་ཤ་ཡི་འོང་སྒོ་ཅི་འདྲ་ཡིན་ཟེར་དོན་ཡིན། ཕྱག་ཕྲེང་གི་ངག་རྒྱུན་དུའང་། དཀར་པོ་ཁ་ལ་མ་རེག། དམར་པོ་མིག་གིས་མ་མཐོང་ཞེས་པའི་དཀར་པོ་ནི་མར་དང་ཞོ་འོ་མ་ལ་གོ་ཞིང་། དམར་པོ་ནི་ཤ་ལ་གོ་བ་ཡིན། 

     གདོད་མའི་སྐབས་སུ། འགྲོ་བ་མི་ཡིས་ཐོག་མར་ལྷ་ཀླུ་གཉན་གསུམ་ལ་སྐྱབས་བཅོལ་བའི་ལག་རྟགས་སུ། རང་གི་ཟས་གོས་སོགས་འཚོ་བའི་དགོས་མཁོ་ནས་འགོ་འཛུགས་སྲོལ་ཡོད་པས། ཟས་སྐམ་གྱི་ཕུད་དཀར་པོ་ཞོ་འོ་མའི་མཆོད་པ་དང་དམར་པོ་ཁྲག་དང་ཤ་ཡི་མཆོད་པ་བྱུང་། འགའ་ཤས་ཀྱིས་ཚེ་འདིར་ཇི་ལྟར་ལོངས་སུ་སྤྱོད་པའི་མཁོ་རྒུ་དེ་འཇིག་རྟེན་ཕྱི་མའི་གྲབས་སུ་དུར་རྫས་ལ་སྦྱར་བ་ཡང་འཛམ་གླིང་ཡུལ་གྲུ་ཀུན་ན་ས་ཁྱབ་རྡོ་ཁྱབ་རེད། 

      བོད་ཀྱི་ས་དཔྱད་ལས་ཀྱང་མི་ཤི་བའི་སྐབས་སུ། སྲོག་ནི་གཤེད་མས་གཅོད། བླ་ནི་དུར་ལ་གནས། རྣམ་ཤེས་ནི་ལས་ཀྱི་རྗེས་སུ་འགྲོ་ཞེས། མི་ཤི་བའི་བླ་དེ་དུར་ས་ལ་འགྲོ་བར་ངོས་བཟུང་པས། དུར་ས་དེ་གལ་ཆེན་པོར་བརྩིས་ཤིང་། དུར་ས་དར་ན་གཤིན་པོའི་བླ་དར་བ་དང་གསོན་པོ་ལ་མགོན་སྐྱབས་ནུས་པར་གྲགས་པས་དུར་ས་བཟང་པོ་འདེམས་རྒྱུ་དང་དུར་རྫས་སྤུས་གཙང་འཇོག་རྒྱུའི་སྲོལ་ཡོད། 

      སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་ཡས་མས་སུ། འཛམ་གླིང་དུ་སངས་རྒྱས་ཆོས་ལུགས་དང་གཡུང་དྲུང་བོན་སོགས་སྔོན་ཐོན་གྱི་ཆོས་ལུགས་ཁག་ཅིག་བྱུང་ཞིང་དེ་དག་གིས་སེམས་ཅན་ལ་སྙིང་རྗེ་དང་བརྩེ་བ་བཅངས་ཏེ། དམར་མཆོད་ཀྱི་ཚབ་ཏུ་ཟན་ལས་སེམས་ཅན་སྣ་ཚོགས་ཀྱི་མདོས་དང་གླུད་བཅས་པའམ། ཚོན་དམར་པོ་བྱུགས་པ་དང་། སྒོས་སུ་སྲོག་ལྷ་སྲུང་བྱེད་ཀྱི་རི་མོ་བྲིས་པའམ་བརྐོས་མ་སྣ་ཚོགས་ཀྱིས་ཚབ་བྱེད་ཅིང་། སེམས་ཅན་ལ་འཚེ་བ་མེད་པའི་དཀར་མཆོད་ཀྱི་སྲོལ་རྒྱ་ཆེར་དར་ཡོད། 

     གནས་རི་གནས་མཚོ་ལ་མཆོད་མཇལ་འགྲོ་སྐབས། གནས་རྩ་ཆེན་གྱི་ལམ་འགག་དང་ལབ་རྩེ་ལ་སླེབས་པ་ན། མཆོད་པའི་ཚུལ་དུ་རྡེའུ་དཀར་པོའམ། བཟའ་བཏུང་གི་ཕུད་ཞོ་འོ་མ་མཆོད་ཅིང་མར་བྱུགས་པ། རྩི་དམར་པོ་བྱུགས་པ་སོགས་དུས་ད་ལྟའང་མཐོང་རྒྱུ་ཡོད། 

     དེས་ན། གནའ་བོ་ནས་བོད་ཀྱི་ཁ་དོག་གི་རིག་གནས་ལས། དཀར་ནག་གཉིས་ལ་རྩོད་སྒྲུབ་མཚན་ཉིད་རིག་པའི་ཤེས་བྱ་གཏིང་ཟབ་མོ་ཞིག་ཡོད་ཁོ་ཐག་རེད།  མཁས་དབང་ཁ་ཤས་ཀྱིས་གསུངས་ན། གནའ་རབས་བྲག་ངོས་ཀྱི་རི་མོའི་ནང་ན་ཉི་མའི་གཟུགས་བྲིས་པ་དེ་ནི་དཀར་པོའམ་སྣང་བའི་མཚོན་བྱེད་ཡིན་པ་དང་། རི་མོ་དེ་ལས་ཅུང་ཟད་འགྱུར་བཅོས་སུ་བཏང་བ་ནི། ད་ལྟའི་བོན་པོ་རྣམས་ཀྱི་མཚོན་རྟགས་སུ་གྲགས་ཆེ་བའི་གཡུང་དྲུང་རི་མོ་རེད། དེང་སང་གུར་གྱི་སྒོ་ཚུན་ཆད་དུ་དུང་ཕྲེང་ཞེས་ནག་པོའི་གཞི་ལ་དཀར་པོའི་རི་མོ་ཟླུམ་པོ་མང་པོ་ཕྲེང་བ་ལྟར་བསྒྲིགས་པ་ནི་ནག་པོའི་ཁོངས་སུ་དཀར་པོ་མི་ནུབ་པའི་མཚོན་རྟགས་ཡིན་ཟེར། 

      གཞན་ཡང་དཀར་པོ་ནི་ཞི་རྒྱས་དབང་དྲག་གི་ལས་བཞིའི་ནང་ཞི་བའི་ལས་མཚོན་བྱེད་དང་། བོད་མི་རིགས་འཚོ་གནས་བྱེད་པའི་ས་ཆ་འདིའང་གངས་རི་དཀར་པོས་ཡོངས་སུ་བསྐོར་བའི་ཁ་བ་གངས་ཅན་ལྗོངས་ཡིན་པ། ལྷ་སྐལ་སྤྱན་རས་གཟིགས་ཀྱང་སྐུ་མདོག་དཀར་པོ་ཡིན་པ།  ངག་རྒྱུན་དུའང་། དཀར་པོ་དགེ་བའི་ཆོས་དང་ནག་པོ་སྡིག་པའི་ལས། དཀར་པོ་ཡང་དག་པའི་ལམ་དང་ནག་པོ་ལོག་པའི་ལམ། དཀར་པོ་ལྷ་ཡི་ཞིང་ཁམས་དང་ནག་པོ་བདུད་ཀྱི་ཡུལ། དཀར་ནག་བདེན་རྫུན། ལེགས་ཉེས་དཀར་ནག། སེམས་པ་དཀར་པོ་གངས་རི་འདྲ་བ་དང་སེམས་པ་ནག་པོ་སོལ་བ་འདྲ། ཕྱི་ལ་དཀར་ཡོལ་དཀར་དཀར། ནང་ལ་འོ་མ་དཀར་དཀར། རང་གི་སེམས་པ་དཀར་དཀར། མ་ཉེས་ཁག་གཡོག་ལ་མི་དཀར་པོར་ཞྭ་མོ་ནག་པོ་བསྐོན་ཟེར་བ། དར་དཀར་པོ་དྲི་མ་མེད་པ་ཞིག་འབུལ་ཞེས་པ་སོགས་ཡོད། ཐ་ན། མི་ཞིག་ལྔ་ལམ་དུ་སོང་ནས་བར་དོའི་འཕྲུལ་སྣང་གི་སྐབས་ལའང་། དམྱལ་བ་སོགས་ངན་སོང་དུ་སྐྱེ་བའི་བར་དོར་ཕྱར་བ་ནག་པོ་དང་། སྡོང་དུམ་མེས་འཚིགས་པ་ལྟ་བུ་དང་། དུ་བ་ལྟ་བུ་ཡོད། བདེ་འགྲོར་སྐྱེས་ན་གསེར་བཟང་པོ་དང་། སྣམ་བུ་དཀར་པོ་དང་། ཟླ་འོད་ལྟ་བུར་འབྱུང་བར་གསུངས་ཞེས་ཁ་དོག་གི་རིག་གནས་ལས་དཀར་པོ་ནི་དགེ་བ་དང་བཟང་པོ་མཚོན་བྱེད་དུ་གྱུར་པས།  མཆོད་བསྟོད་ཀྱི་ཚིག་ཏུའང་། དཀར་གསུམ་མངར་གསུམ་གཙང་མ་ཕུད་ཀྱིས་མཆོད་ཅེས་པ་མང་ཞིང་། དཀར་པོ་ནི་བོད་པས་ལྷ་ལ་མཆོད་པ་འབུལ་བའི་རྫས་མཆོག་ཏུ་གྱུར་པ་ཞིག་ཏུ་བརྩི་སྲོལ་ཆགས།

     ཕྱག་ཕྲེང་གི་མི་ཚང་དཀྱུས་མའི་གྱང་ཁང་ཡོངས་སུ་ས་དཀར་བླུགས་པའི་སྲོལ་དེ་དུས་ནམ་ཙམ་དར་བའི་སྐོར་དེ་སྔ་ལོ་རྒྱུས་ཡིག་ཆ་མ་རྙེད་ཀྱང་། ཕྱག་ཕྲེང་གི་དམངས་ཁྲོད་ངག་རྒྱུན་ལ། ལོ་རེར་གྱང་ཐོག་ལ་ས་དཀར་ཐེངས་རེ་བླུགས་ཐུབ་ན་མར་མེ་སྟོང་གཅིག་འབུལ་བའི་དགེ་བ་དང་མཉམ་ཟེར་སྲོལ་ཡོད། སྐད་ཆ་དེའི་སྐོར་ང་རང་གིས་འབྲེལ་ཡོད་རྒན་རབས་ལ་བཅར་འདྲི་ཞུས་མྱོང་། རང་ལ་མོས་མཐུན་ཆེ་ཤོས་ནི།  ཞོལ་པ་བསྟན་འཛིན་གྱིས་བརྩམས་པའི་རྨི་ལམ་ནང་གི་ཤམ་བྷ་ལ་འཚོལ་ཞེས་པའི་དཔེ་ཆའི་ནང་ས་གནས་ཀྱི་རྒན་རབས་ལ་བཅའ་འདྲི་ཞུས་པའི་སྐད་ཆ་དེ་ཡིན། དཔེ་ཆ་དེའི་ཤོག་གྲངས་༡༦༣ལས། སྔོན་མར་ཕྲེང་སྟོད་ཕྲེང་སྨད་ཙམ་ལས། ཕྱག་ཕྲེང་གི་སྡོད་ཁང་ཚང་མ་དཀར་པོ་མ་ཡིན་ཏེ། དཔེར་ན། རག་ལྟག་དང་། སྒྲོ་མདོངས། ས་གོང་། གསར་བ། ངལ་གསོ། གདོང་གསུམ། རག་ཝ་སོགས་ལ་གྱང་ཁང་བཟོས་ཚར་རྗེས། གྱང་སའི་རང་མདོག་དམར་པོ་དང་། སེར་པོ། སྐྱ་བོ་བཅས་ཇི་ལྟར་ཡིན་ན་དེ་ལྟར་བཞག་པ་ལས་ས་དཀར་བླུགས་སྲོལ་མེད། 

     ས་གནས་ཀྱི་རྒན་རབས་ཚོས་གསུངས་པ་ལྟར་ན། ཕྲེང་ཕྱོགས་ཕལ་ཆེར་གྱིས་ཡུལ་ལྷ་ཕྲེང་པུ་ཎི༼ཕྱག་ཕྲེང་གི་ཕྲེང་ཤོག་གི་ཡུལ་ལྷ་ཆེ་ཤོས་དེའི་མཚན་ལ་ཕྲེང་པུ་ཎི་ཞུས།༽ གསོ་སྲོལ་ཡོད།  ནམ་ཞིག་ལ། ལུང་པ་ནང་མི་བློ་གྲོས་ཅན་ཞིག་གིས་ང་ཚོས་ལུང་པ་ནང་གི་ས་དཀར་ཆུ་ལ་སྦྱངས་ནས་གྱང་སྒང་ལ་བླུགས་ཏེ་ཡུལ་ལྷ་གཞི་བདག་ལ་ཁང་པ་དཀར་པོའི་མཆོད་པ་ཕུལ་ན། ཡུལ་ལྷ་ཐུགས་དགྱེས་ཤིང་སྡོང་གྲོགས་མཛད་ངེས་ཟེར། སྐད་ཆ་དེ་ཡུལ་མི་རྣམས་ཀྱི་བློ་ལ་བབས་ཤིང་ཚོད་ལྟའི་ཚུལ་དུ་ལུང་པ་རང་ནས་ཐོན་པའི་ས་དཀར་དབོར་ཡོང་སྟེ་ཞིབ་མོར་བརྡུངས། ཆུ་བཅུ་ཆ་དགུ་ལ་ས་དཀར་བཅུ་ཆ་གཅིག་བྱས་ནས་སྦྱངས་པ། འགའ་ཤས་ཀྱིས་སྲ་ཆ་ཡོང་བའི་ཆེད་དུ་དེའི་ནང་སྤྱིན་ཆུ་ཕྲན་བུ་བསྲེས་པའང་ཡོད། དེ་ལྟར་སྔོན་ལ་བྱུང་མ་མྱོང་བའི་དཀར་མཆོད་རྒྱ་ཆེན་པོ་ཞིག་ཕུལ་ཡོད།  

     ལོ་དེར་ལྷ་པ༼ཕྱག་ཕྲེང་བས་ཨ་མྱེས་མོ་ཟེར།༽ གདན་དྲངས་ནས་རི་སྟོང་སྤྲོད་པའི་སྐབས་སུ། ༼རི་སྟོང་སྤྲོད་ཅེས་ཕྱག་ཕྲེང་དུ་ཡུལ་མི་རྣམས་ཀྱིས་སྔགས་པ་དང་། མོ་པ། ལྷ་པ་སོགས་ཆོས་པ་ནུས་མཐུ་ཅན་གདན་དྲངས་ནས། ཡུལ་ལུང་སོ་སོའི་རི་བོ་གཙོ་བོ་ཁག་ལ་གནས་པའི་ཡུལ་ལྷ་གཞི་བདག་སྤྱན་འབེབས་ཞུས་ཏེ་བཟའ་བཏུང་ལོངས་སྤྱོད་ཀྱི་སྟོང་འབུལ་རྒྱག་པའི་ཆོ་ག་ཞིག་ཡིན།༽ ལྷ་པས་ཡུལ་ལྷ་གཞི་བདག་སྤྱན་འདྲེན་ཞུས་ཏེ་ཕན་ཚུན་ཁ་བརྡ་གཏམ་གླེང་བྱེད་སྐབས། ཡུལ་ལྷ་ནས་གསུངས་དོན། ཁྱེད་རང་ཚོས་ཁང་པར་ས་དཀར་བླུགས་ནས་ང་ལ་མཆོད་པ་འབུལ་བ་དེས། ང་རང་སེམས་དགའ་མོ་བྱུང་། ངས་ཀྱང་ཁྱེད་རང་ཚོར་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པའི་སྡོང་གྲོགས་དཔུང་རོགས་མཛད་ཆོག་ཅེས་གསུངས་པའི་ལོ་རྒྱུས་ཡོད། 

     དེས་ན། གྱང་ལ་ས་དཀར་བླུགས་པས་གྱང་ལ་ཉི་འགོག་ཆར་འགོག་རླུང་འགོག་གི་ནུས་པ་ལྡན་པ་དང་། མཛེས་ཆ་དོད་པ་སོགས་ནི་རྗེས་བྱུང་གི་ཡོན་ཏན་ཞིག་ཡིན་ཚོད་རེད། དཔེར་ན། ཚོགས་བསགས་སྒྲིབ་སྦྱོང་གི་ཆེད་དུ་ཕྱག་བསྐོར་བ་བྱེད་པས་ལུས་ཕུང་ལ་སྦྱོང་བརྡར་ཐེབས་པ་ལྟ་བུའོ།།

     མདོར་ན། གྱང་ཐོག་ལ་ས་དཀར་བླུགས་པའི་སྲོལ་འདི་ཐོག་མར་ཆོས་ལུགས་དད་མོས་ཀྱི་དཀར་མཆོད་ཀྱི་བྱེ་བྲག་ཅིག་ཡིན་པ་རྟོགས་ཐུབ་པ་དང་།  ཕྱག་ཕྲེང་གི་ཁང་པ་ལ་ས་དཀར་བླུག་རྒྱུའི་ལོ་རྒྱུས་འདི་མི་ལོ་སྟོང་ཕྲག་བཞིའི་གོང་གི་གདོད་མའི་ཆོས་ལུགས་ཆོ་ག་ལ་གཏུག་ཆོག་རྒྱུ་རེད།།