གཏེར་མ་རོང་རི་རིང་གྲོང་ཚོའི་གྲོང་མིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་རི་རིང་གྲོང་ཚོའི་གྲོང་མི་ཚོ་ཆུང་དུ་བསྐྱོད་སྐབས་ཨར་འདམ་གྱི་ལམ་ངོས་གཙང་ཞིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ཀྱི་ཁང་པ་མང་པོ་མཐོང་རྒྱུ་ཡོད།  གཞུང་ལམ་གཡས་གཡོན་དུ་གསེར་མདོག་གི་གྲོ་སྙེ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་ཅིང་།    ལྗོང་ལྗང་གི་ཡལ་ག་དང་མེ་ཏོག་རྣམས་ནི་སྒོ་རའི་གྱང་སྟེང་ལས་ཕྱིར་མངོན་ཡོད།   ཞིང་ཁའི་ནང་ངལ་རྩོལ་གྱི་དགོད་སྒྲ་ཡང་ཡང་ཐོས་རྒྱུ་ཡོད་པས་རི་གྲོང་གི་ཡུལ་གང་སར་རྣམ་པ་གསར་པ་ཞིག་མངོན་ཡོད།   

    ཧྲང་ཡིའུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བས་བཤད་ན།    དེ་སྔ་ཨར་འདམ་ལམ་ཤར་གཏོང་མ་ཐུབ་པར་བརྟེན་ཨར་སྐྲུན་རྒྱུ་ཆ་དབོར་འདྲེན་བྱེད་དཀའ་བ་དང་སྡོད་ཁང་རྒྱག་པའི་མ་གནས་མཐོ་བས།  གྲོང་ཚོའི་ནང་མང་ཆེ་བ་ནི་ས་དང་ཤིང་གི་གྲུབ་ཆ་དང་མི་ཕྱུགས་མཉམ་སྡོད་ཀྱི་ཁང་པ་ཡིན་པས་མིའི་འཚོ་སྡོད་ཁོར་ཡུག་ཧ་ཅང་ཞན་པོ་ཡོད།  གློག་དང་། ཆུ་འདྲེན།  དྲ་བ་བཅས་ཤར་གཏོང་ཐུབ་རྒྱུ་ནི་བསམ་བློ་གཏོང་མི་ཕོད་པའི་བྱ་བ་ཞིག་རེད།   ད་ཆ་ཨར་འདམ་གྱི་ལམ་ཚོ་ཆུང་དང་དུད་ཚང་རེ་རེར་ཤར་གཏོང་ཐུབ་ནས་ཁང་པ་གསར་བ་རེ་རེ་བསྐྲུན་ཡོད།  རི་རིང་ཚོ་ཆུང་གི་དུད་ཚང་22ཀྱི་གྲོང་མིས་ཟས་གོས་སྡོད་གསུམ་ཐད་སེམས་ཁྲལ་མི་བྱེད་པའི་གཏན་འཇགས་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།  2022ལོར་གྲོང་ཚོ་ཨུ་ལྷན་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ཏེ་མཉམ་སྡེབ་ཐོག་ལས་ཀ་བྱེད་པ་དང་མཉམ་སྡེབ་ཐོག་ཁེ་ཕན་བགོ་བའི་རྣམ་པའི་ཐོག་ནས་རི་རིང་ཚོ་ཆུང་གིས་སིལ་ཏོག་ལི་ཡི་སྡོང་པོ220བཙུགས་ཡོད་ཟེར།   

       རི་རིང་གྲོང་མིའི་ཚོ་ཆུང་གི་ལོ་86ལ་སླེབས་པའི་བགྲེས་སོང་དཀའ་ཐུབ་ཚང་གི་ཁྱིམ་དུ་སྐྱོད་སྐབས་སྒོ་རའི་ནང་གཙང་སྦྲ་དོད་ལ་གྲལ་འགྲིག་པ་དང་།  ཁང་པའི་ནང་རྒྱ་ཆེ་ལ་དཀར་ཆ་དོད་པ།  ཁྱིམ་སྤྱོད་གློག་ཆས་སྣ་མ་སྣ་ཚོགས་ཡོད་པ་མཐོང་ཐུབ།  བགྲེས་སོང་བཀའ་ཐུབ་ལགས་ཤིང་སྡོང་གི་བསིལ་གྲིབ་འོག་བསྡད་ནས་ངལ་གསོས་ཡོད་པ་དང་མནའ་མས་ལོ་ལོན་ལ་གཉོར་སྐྱོང་བྱེད་བཞིན་ཡོད།   ཁོང་ཚང་གི་མནའ་མ་ནི་གྲོང་ཚོའི་ནང་གི་གཙང་སྦྲ་བ་ཡིན་ལ་བུ་ནི་སྐྱེ་ཁམས་ནགས་སྲུང་བ་ཡིན།   མནའ་མ་དབྱིན་ཞིས་ཀྱིས་བཤད་ན།  སྲིད་གཞུང་གིས་ཐག་ཉེ་སར་ང་ཚོའི་ལས་ཀའི་གནད་དོན་ཐག་གཅོད་བྱས་པ་དང་།  བཟའ་ཚོ་གཉིས་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་2ཙམ་ཡོད་པ་དང་ཁ་གསབ་སྤྲོད་པ་དང་ཆབས་ཅིག་རྒན་རྒོན་ལ་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད། ཕྲུ་གུ་གཉིས་པོས་ས་མཐོའི་ཞིང་འབྲོག་པའི་བུ་ཕྲུག་གི་འཚོ་བའི་ཁ་གསབ་ལོངས་སྤྱོད་བྱེད་ཀྱི་ཡོད་པས་ནང་མི་ཚང་མས་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱེད་ཀྱི་ཡོད།  2022ལོར་མཉམ་ལས་ཁང་གི་སྐུལ་ཁྲིད་འོག་ངའི་ཁྱིམ་དུ་མུའུ་གཅིག་ཙམ་གྱི་ཀུ་ཀུ་ཤ་མོ་བཏབ་པར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག་ཟེར།   

    ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་སྐབས་སྤྱི་ཚོགས་རྙིང་པའི་ནང་སྐྱེས་ཤིང་ཀྲུང་གོ་གསར་པའི་དུས་སྐབས་ནང་འཚར་ལོངས་བྱུང་བའི་བགྲེས་སོང་དཀའ་ཐུབ་ལ་སྐད་ཆ་ཤོད་དབང་ཡོད།  “སྤྱི་ཚོགས་རྙིང་པར་ང་ལ་ཉིན་ལྟར་ལས་ཀ་ལྕི་པོ་ཡོད་པ་དང་ལྟོ་གོས་ཡག་པོ་མེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རང་ཉིད་ལ་ས་ཞིང་བགོས་ནས་དཀའ་སྤྱད་ངལ་རྩོལ་བྱས་པས་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་སོང་།  ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ངའི་ཁྱིམ་ལ་སྲིད་གཞུང་གི་རོགས་སྐྱོར་ཐོབ་ནས་བུ་དང་མནའ་མ་གཉིས་ལ་ལས་ཀ་ཡོད་པ་དང་། ཚ་བོ་སློབ་གྲྭར་བསྐྱོད་པར་སེམས་ཁུར་བྱེད་མི་དགོས། ལོ་ལྟར་རྒན་གསོའི་མ་དངུལ་དང་ལོ་ན་མཐོ་བའི་འཚོ་བའི་ཁ་གསབ་མ་དངུལ་ཡང་བླངས་ཆོག    ནད་ལ་བལྟ་བར་ཡང་འགན་སྲུང་ཡོད།    སྲིད་གཞུང་གི་ལས་དོན་མི་སྣ་ད་དུང་རྒྱུན་དུ་ཁྱིམ་དུ་འཚམས་འདྲིར་ཕེབས་ནས་ཁྱིམ་གྱི་འཚོ་བའི་སྐོར་གླེང་མོལ་དང་བདེ་སྡུག་འདྲི་རྩད་གནང་བ་རེད། ང་ནི་སྤྱི་ཚོགས་རྙིང་པའི་ནང་སྐྱེས་པའི་ཕྲུ་གུ་སྡུག་བསྔལ་ཅན་ཞིག་ཡིན་ལ་དར་དམར་འོག་སྐྱེས་པའི་ལམ་འགྲོ་བ་ཞིག་ཀྱང་ཡིན་པས་ཏང་དང་སྲིད་གཞུང་གིས་ང་ལ་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དུ་བཅུག་བྱུང་བས་ངས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་ཅེས་བཤད་བྱུང་།