འཆམ་འཆམ་དུ་སོང་ན་སེམས་ཁམས་གསོ་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-13   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

ལས་འཁྱུར་ངལ་གསོ་བྱས་རྗེས། ཕ་རྒན་གྱིས་ཉིན་རེར་ངེས་པར་བསྒྲུབ་དགོས་པའི་དོན་དག་གི་ནང་དུ་ནངས་དགོང་གཉིས་ཀར་འཆམ་འཆམ་དུ་འགྲོ་རྒྱུ་དེ་འདུས་འདུག ཕ་རྒན་རྒྱུན་དུ་སྤྱི་གླིང་དང་རི་མགོ་སོགས་མི་མེད་སའི་ལྷིང་འཇགས་ཀྱི་གནས་སུ་སོང་ནས། སེམས་པ་ལྷོད་ལྷོད་ཀྱིས་མྱུར་དུ་བགྲོད་པ་དང་དལ་གྱིས་འགྲོ་བ། ཡང་ན་འགྲོ་ཞོར་དང་ཡུལ་ལྗོངས་ལ་ལྟ་ཞོར་བྱས་ཏེ།  རྐེད་པ་དང་རྐང་པ་འགུལ་སྐྱོད་དང་།རྩ་རྒྱུས་རྐྱོང་སྐུམ་སོགས་བྱས་ཏེ་ལུས་སྦྱོང་གི་ནུས་པ་ཐོན་པར་བྱེད།

ཕ་རྒན་རྒྱུན་པར་ས་སྲོད་ཀྱི་དུས་སུ་འཆམ་འཆམ་དུ་སོང་ནས། དལ་མོར་འགྲོ་བའི་རྒན་པ་དང་སློབ་གྲྭ་གྲོལ་རྗེས་འཚབ་འཚུབ་ཀྱིས་ཡུལ་དུ་ལོག་པའི་ན་གཞོན་རྣམས་ལ་ལྟ་ཞོར་དང་། སྡོང་པོའི་འོག་གི་སྔོ་ལྗང་དང་ས་སྟེང་དུ་ལྷུང་བའི་སྡོང་ལོར་བལྟ་རྒྱུར་དགའ། ཕ་རྒན་གྱིས་འཆམ་འཆམ་དུ་འགྲོ་བ་དེ་ལུས་སྦྱོང་ཞིག་ཏུ་བརྩི་བར་མ་ཟད། སེམས་པ་ལྷོད་ལ་བབས་ཏེ་སེམས་ཁམས་སྙོམས་སྒྲིག་བྱེད་པ་དང་། ངལ་དུབ་སངས་བྱེད་ཀྱི་ཐབས་ལམ་ཞིག་ཏུའང་བརྩི་བར་བྱེད། འཆམ་འཆམ་དུ་འགྲོ་བའི་གོ་རིམ་ཁྲོད། ཕ་རྒན་གྱིས་གྲོགས་པོ་གསར་པ་འགའ་རེ་ངོ་ཤེས་ཤིང་། དུས་རྒྱུན་ངོ་ཐུག་པའི་སྐབས་སུ་ཕན་ཚུན་ལ་འཚམས་འདྲི་རེ་བྱས་ལ། ལན་རེར་ཁ་བརྡ་འགའ་རེ་བྱས་ན། ཕ་རྒན་གྱི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་དགོས་མཁོ་ཡང་བསྐང་ཐུབ།

ཆེད་མཁས་པའི་གསལ་འདེབས།
ད་ལྟ། མི་མང་པོ་ཞིག་གིས་འཆམ་འཆམ་དུ་འགྲོ་བ་ལ་བརྟེན་ནས་ལུས་སྦྱོང་བྱེད་ཀྱིན་ཡོད། རྐང་ཐང་དུ་སོང་ན་སྙིང་ནད་དང་ཚོ་རྒྱས་པ། གཅིན་སྙི་ཟ་ཁུ། ཁྲག་ཤེད་མཐོ་བ། སེམས་འཚབ་པ་སོགས་ཀྱི་ནད་རིགས་འབྱུང་ཚད་ཇེ་དམའ་རུ་བཏང་སྟེ། གློ་སྙིང་གི་བྱེད་ནུས་ཇེ་མཐོར་འགྲོ་མོད། འོན་ཀྱང་རྐང་ཐང་དུ་འགྲོ་རྒྱུ་མང་ན་ལུས་པོའི་བདེ་ཐང་ལ་གནོད་འཚེ་ཐེབས་སྲིད། དེ་ན་ཉིན་རེར་གོམ་པ་ག་ཚོད་སོང་ན་ད་གཟོད་འགྲིག་འདུག་པ་ཡིན་ནམ་ཞེ་ན།
ཞིབ་འཇུག་མང་པོ་ཞིག་ལས་མངོན་པ་ལྟར་ན། གོམ་པ་ཅི་ཙམ་མང་པོ་སོང་ན་ལུས་པོར་དེ་ཙམ་བཟང་བ་མ་ཡིན་པར། རང་ཉིད་ཀྱི་ལུས་པོའི་གནས་བབ་དང་བསྟུན་ནས་གོམ་པ་ག་ཚོད་འགྲོ་དགོས་པ་གཏན་ཁེལ་བྱེད་དགོས། ལོ45ཡན་གྱི་བུད་མེད་རྒན་དར་རྣམས་ལ་དམིགས་པའི་ཧྭ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། རྐང་ཐང་དུ་འགྲོ་བ་མང་ན་གྲུམ་བུ་དང་ཕྲུམ་རུས་རྨས་སྐྱོན། ཤ་གནད་རྨས་སྐྱོན་སོགས་ཀྱི་ནད་རིགས་མང་པོ་འབྱུང་བས། ཞིབ་འཇུག་དེས་བཏོན་པའི་གྲོས་གཞི་ལྟར་ན། ལོ45ཡན་གྱི་ལུས་ཕུང་བདེ་ཐང་ཡིན་པའི་བུད་མེད་རྒན་དར་རྣམས་ཉིན་རེར་གོམ་པ7500ཡས་མས་རེ་སོང་ན་ཆེས་འོས་འཚམ་རེད།
ལོ་ཚོད་དང་རྟགས་མཚན། ལུས་པོའི་གནས་བབ་སོགས་མི་འདྲ་བའི་མི་རྣམས།  ཉིན་རེར་འགྲོ་བར་འཚམ་པའི་གོམ་པའི་མང་ཉུང་ཡང་མི་འདྲ། དཔེར་ན་ནད་ཆེན་ལས་ཐར་མ་ཐག་པའི་མི་ལ་མཚོན་ན་དུས་ཡུན་རིང་པོ་དང་ལམ་ཐག་རིང་པོར་རྐང་ཐང་དུ་འགྲོ་མི་འོས་པ་དང་། ཚིགས་མོའི་བྱེད་ནུས་མི་བཟང་བའི་རྒན་དར་རྣམས་ལ་མཚོན་ན། རྐང་ཐང་དུ་འགྲོ་ཚད་ཇེ་ཉུང་དུ་བཏང་ནས་ཚིགས་མོར་ངལ་གསོ་བྱེད་དུ་འཇུག་དགོས།  གོམ་པ་རིམ་བགྲོད་ཀྱིས་གཟའ་འཁོར་རེར10%རེ་ཇེ་མང་དུ་གཏོང་བའི་རྩ་དོན་ལྟར་ལུས་སྦྱོང་གི་འཆར་གཞི་འགོད་དགོས། །