གསར་པར་དཔེ་དེབ་གཉིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-07   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

        «བོད་པའི་ཡུལ་ལུང་སྐད་ཆའི་སྐད་གདངས་མ་ལག་གི་གཞི་གྲངས»ཞེས་པ་འདི་ནི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསྟན་གོ་ལགས་ཀྱིས་བསྒྲིགས་ཤིང་། འདི་ནི་ཀྲུང་གོ་གསར་བ་བཙུགས་ཕྱིན་ནས་ད་བར་དུ་རྒྱལ་ནང་གི་བོད་སྐད་ཞིབ་འཇུག་པ་རྣམས་ཀྱིས་བོད་པའི་ཡུལ་ལུང་ཁག་གི་ཡུལ་སྐད་ཀྱི་སྐད་གདངས་མ་ལག་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་དཔེ་མཚོན་སུམ་ཅུ་ལྷག་གཞིར་བཟུང་ནས་སྐད་གདངས་ཀྱི་གཞི་གྲངས་སྡུད་སྒྲིག་བྱས་པ་ཡིན་ལ། སྐད་གདངས་གཞི་གྲངས་ཡོང་ཁུངས་ཀྱི་ལུང་སྐད་སུམ་ཅུ་ལྷག་ཙམ་པོ་འདི་ཡང་ཡུལ་སྐད་ཆེན་པོ་གསུམ་དང་དེ་དག་གི་ཡན་ལག་ཡུལ་སྐད་སོ་སོར་ཁྱབ་ཡོད་སྟབས་འདིས་ནི་ཀྲུང་གོ་རྒྱལ་ཁབ་ནང་ལོགས་ཀྱི་བོད་པའི་ཡུལ་སྐད་གསུམ་གྱི་སྐད་གདངས་རགས་སྤྱི་ཞིག་མཚོན་ཐུབ་པ་ཡིན། སྒང་བ་བོད་ལ་ཡུལ་སྐད་ཆེན་པོ་གསུམ་ཞིག་ཡོད་པ་དེ་དག་རེ་རེ་ལ་ཡང་ཡན་ལག་གི་ཡུལ་སྐད་དང་། ཡན་ལག་གི་ཡུལ་སྐད་རེ་རེར་ཡང་བྱེ་བྲག་གི་ལུང་སྐད་མང་པོ་ཡོད། བོད་པའི་ཡུལ་སྐད་ཆེན་པོ་གསུམ་ཞེས་པ་ཡང་གཙོ་བོ་རྒྱལ་ཁབ་ནང་ལོགས་ཀྱི་བོད་སྐད་ལ་སྲོལ་རྒྱུན་གྱི་དབྱེ་བ་འབྱེད་སྟངས་ཤིག་ཡིན། དེ་ཡང་རྒྱལ་རོང་བོད་པའི་སྐད་ཆ་ལྟ་བུ་ལ་མཚོན་ན་ལ་ལས་ཨ་མདོའི་ཡུལ་སྐད་ཀྱི་ཁོངས་སུ་འདྲེན་པའམ་ལ་ལས་ཡུལ་སྐད་རང་མཚན་པ་ཞིག་ལ་བཞག་ནས་རྒྱལ་ནང་གི་བོད་སྐད་ལ་ཡུལ་སྐད་ཆེན་པོ་བཞི་ལ་འདོད་མཁན་དང་། གཞན་དུ་ན་རྒྱལ་ཁབ་ཕྱི་ནང་གི་བོད་སྐད་སྤྱི་ལ་ལྟོས་ནས་ཡུལ་སྐད་ཆེན་པོ་གསུམ་མམ་བཞི་ཡི་ཐོག་ཏུ་རྒྱ་གར་ཁོངས་སྦལ་ཏིའི་བོད་སྐད་སོགས་ཀྱིས་མཚོན་པའི་ནུབ་ཕྱོགས་ཀྱི་ཡུལ་སྐད་དང་། བལ་ཡུལ་གྱི་ཤར་པའི་བོད་སྐད་སོགས་ཀྱིས་མཚོན་པའི་ལྷོ་ཕྱོགས་ཀྱི་ཡུལ་སྐད་སོགས་ཡོད་ལ། དོན་དུ་བོད་སྐད་ཀྱི་ཁྱབ་ཁོངས་ལ་ད་དུང་འབྲུག་ཡུལ་དང་། འབྲས་ལྗོངས། ལ་དྭགས་སོགས་ཐ་གྲུ་ཆེན་པོར་ཁྱབ་པའི་བོད་སྐད་སྤྱི་ཡི་ཞིབ་འཇུག་ནི་ཡུན་རིང་གི་ལས་གཞི་ཆེན་པོ་ཞིག་གོ། འདིར་ནི་རྒྱལ་ནང་གི་བོད་སྐད་ལ་སྲོལ་རྒྱུན་དུ་ཡུལ་སྐད་ཆེན་པོ་གསུམ་དུ་འཇོག་པའི་ལུགས་ཀྱི་ཁྱབ་ཁོངས་སུ་འདུ་བའི་ཡན་ལག་ཡུལ་སྐད་དང་དེ་དག་གི་བྱེ་བྲག་ལུང་སྐད་ཁག་ཅིག་གི་སྐད་གདངས་མ་ལག་སྡུད་སྒྲིག་བྱས་པའོ། །

        མི་ན་བར་གནས་པ་དང་ན་བ་གསོ་བར་བྱེད་པ་ནི་གསོ་བ་རིག་པའི་ཆེས་མཐར་ཐུག་གི་དམིགས་ཡུལ་དང་གཡོལ་དུ་མེད་པའི་ཆེས་རྩ་བའི་འགན་འཁྲི་ཡིན་ལ། ནད་མེད་བདེ་ཐང་དུ་ཡུན་རིང་འཚོ་བར་འདོད་པ་ནི་རྐང་གཉིས་མི་ཡིས་གཙོས་པའི་འགྲོ་དྲུག་སེམས་ཅན་ཀུན་གྱི་ཐུན་མོང་གི་རེ་སྨོན་ཡང་ཡིན། དེ་ལ་མི་ན་བར་རིང་དུ་གནས་པར་བྱེད་པ་ལ་ནད་མི་འབྱུང་བའི་ཐབས་ལ་བརྩོན་དགོས་པ་དང་ལྷག་པར་དེའི་གནད་འགག་ཤེས་ཤིང་དོན་དངོས་འཚོ་བ་དང་མཐུན་པ་གང་ཞིག་ལག་ལེན་དུ་འཁྱོལ་བར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་ཡིན།

        མིག་སྔའི་ཆར་ང་ཚོར་མིག་མཐོང་ལག་ཟིན་ཐུབ་པའི་འགལ་ཟླ་དམིགས་བསལ་ཅན་ཞིག་མཆིས་པ་ནི། དཔལ་ལྡན་རྒྱུད་བཞིས་གཙོས་པའི་རང་རེའི་གསོ་རིག་གི་གཞུང་ཁག་ཏུ་ཟས་སྤྱོད་སྤང་བླང་གིས་མཚོན་མི་ན་བར་གནས་པར་བྱེད་ཐབས་ཀྱི་ཤེས་བྱ་ལག་ཏུ་ལེན་པར་རུང་བ་ཆེས་ཕུན་སུམ་ཚོགས་པར་བསྟན་ཡོད་ཀྱང་། རང་རེའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ཤིན་ཏུ་དམན་པ་དང་ལྷག་པར་དུ་བདེ་ཐང་དུ་གནས་པར་བྱ་བའི་ཐབས་དང་ཤེས་བྱ་ལ་རབ་ཏུ་རྨོངས་པ་དེ་རེད། ལར་ཉེ་བའི་ཆར་བོད་ལུགས་གསོ་རིག་གི་ཐ་མལ་ནད་མེད་དང་། མ་བུ་བདེ་སྲུང་། ནད་གཞི་སྔོན་འགོག་སོགས་ཀྱི་དཔེ་ཆ་མི་ཉུང་བ་ཞིག་ཐོན་ཡོད་ཀྱང་། དེ་དག་ལ་ཐུན་མོང་དུ་ལྷག་ཡོད་པའི་གནད་དོན་གལ་ཆེན་ཞིག་ནི། ནང་དོན་དང་ཚིག་སྦྱོར་གཉིས་ཆར་ནས་མཐོ་མཛེས་ཆེ་ཐལ་དུ་སོང་བས་སྨན་པས་ལག་ཏུ་ལེན་དཀའ་ལ་རྒྱ་ཆེའི་མང་ཚོགས་ཀྱིས་གོ་དཀའ་བའི་ཚད་དུ་སླེབས་ཡོད།

        འདིར་ལྷག་བསམ་དོན་གཉེར་ཅན་གྱི་སྨན་པ་ངག་དབང་རྡོ་རྗེ་ལགས་ཀྱིས་བོད་ལུགས་གསོ་རིག་གི་ཐ་མལ་ནད་མེད་ཀྱི་རིག་གཞུང་དགོངས་པ་གཞིར་བཟུང་སྟེ། དེང་སྐབས་ཀྱི་འཚོ་བ་དངོས་དང་ཟུང་དུ་འབྲེལ་ནས་མི་ན་བར་གནས་པར་བྱ་བའི་ཐབས་དང་ཤེས་བྱའི་དཔེ་དེབ་འདི་ཉིད་རྩོམ་སྒྲིག་ཞུས་ཡོད་པར་གཞི་རྩའི་ཁྱད་ཆོས་འགའ་མཆིས་པ་ནི། དང་པོ་ནི་རྒྱུ་འབྲས་ཀྱི་གནད་འགག་རྟོགས་པས་རིན་ཐང་གི་མངོན་མཐོ་བ་སྟེ། མི་ན་བར་གནས་པར་བྱ་བའི་ཐབས་སམ་ནད་གཞི་སྔོན་འགོག་གི་བྱ་ཐབས་ནི། རྒྱུ་རྐྱེན་འགོག་པ་ལས་འབྲས་བུ་མི་འབྱུང་བར་བྱ་བའི་ཐབས་ལ་འབད་པ་ཞིག་ཡིན་པས་དེའི་ཁྱད་ཆོས་ནི་རྒྱུ་ལས་བསྐྱེད་ཟིན་གྱི་འབྲས་བུ་ནད་གཞི་བཅོས་པ་ལས་ལྡབ་འགྱུར་གྱིས་རྒྱ་ཆེ་ལ་མངོན་མཐོ་བ་དེ་ཡིན། གཉིས་པ་ནི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་སྦྱོར་གཉིས་ཆར་ནས་ད་ལྟའི་ཡུལ་དུས་དང་འཚམས་པའི་ཁྱད་ཆོས་ལྡན་པ་སྟེ། འདིར་བསྟན་པའི་མི་ན་བར་གནས་ཐབས་ཀྱི་ཤེས་བྱ་གང་མང་ཞིག་ད་ལྟའི་མང་ཚོགས་ཀྱི་འཚོ་བ་དངོས་སུ་མཐོང་རྒྱུ་ཡོད་པ་གང་ཞིག་དེ་ལ་དཔག་པའི་ཐབས་ལམ་གསལ་ཆ་ཆེ་ཞིང་། འཚོ་བ་དངོས་དང་ཐག་ཉེ་ལ་རྒྱ་ཆེའི་མང་ཚོགས་ཀྱིས་གོ་ཐུབ་པ་ལྟ་བུའི་བེད་སྤྱོད་ཀྱི་རིན་ཐང་ཆེ་བ་དེའོ། །གསུམ་པ་ནི་དཔེ་དེབ་ཀྱི་རྩོམ་སྒྲིག་གི་སྒྲོམ་གཞི་བཀོད་སྒྲིག་དང་ནང་དོན་གང་ཐད་ནས་མི་ན་བར་གནས་ཐབས་ཀྱི་ཤེས་བྱའི་སྤྱི་ཁོག་དང་ལག་ལེན་གྱི་རིམ་པ་གསལ་ཆ་ཆེ་བའི་ཁྱད་ཆོས་ལྡན་པ་སྟེ། དང་པོ་དགོས་པ་བསྟན་པས་དེ་ལ་འཇུག་པའི་བྲོད་པ་སྐྱེ་ཞིང་ཡིད་དད་པར་བྱེད་པ་དང་། གཉིས་པ་མི་ན་བར་གནས་པའི་ཐབས་སྤྱིར་བསྟན་པས་ཁུངས་བཙུན་ཞིང་སྤྱི་ཁོག་གསལ་བ། གསུམ་པ་འཚོ་གནས་ཀྱི་ཉེར་མཁོ་ཆུའི་རིགས་དང་བཞི་པ་ཟས་སྐོམ་བྱེ་བྲག་གི་ངོ་བོ་བསྟན་པས་ལག་ལེན་གྱི་གནད་གསལ་བ། ལྔ་པ་མིའི་ལུས་པོའི་རང་བཞིན་ལ་དཔག་པའི་མི་ན་བར་གནས་ཐབས་ཀྱི་ཤེས་བྱས་ཁ་བརྒྱན་པས་རང་གཞུང་གི་ཁྱད་ཆོས་མ་ཉམས་པ། དྲུག་པ་རྒྱུན་མཐོང་ཆེ་བའི་མི་ན་བར་གནས་ཐབས་ཀྱི་ཤེས་བྱ་ཐོར་བུར་བཀོད་པས་བྱེ་བྲག་རྒན་བྱིས་སོགས་སྐབས་བསྟུན་རང་རང་གི་ལག་ལེན་ཁ་གསལ་བ། བདུན་པ་མཚོ་བོད་ས་མཐོའི་ཡུལ་དུས་ལ་དཔག་པའི་རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་ཐབས་ལམ་བསྟན་པས་མི་ན་བར་གནས་པར་བྱ་བའི་གནད་འགག་གྲོལ་བ་སོགས་མདོར་ན་དཔེ་དེབ་འདིའི་ནང་རིག་གཞུང་དང་ལག་ལེན་ཟུང་ཅུང་ཟད་ཡིད་འཚིམས་པའི་སྒོ་ནས་གཞོགས་འདེགས་བྱུང་ཡོད་པ་གང་ཞིག །དེ་ལ་དཔག་པའི་བེད་སྤྱོད་ཀྱི་རིན་ཐང་མངོན་མཐོ་བར་གཞིགས་ནས་འདིར་ཆེད་མངགས་སྐུལ་སློང་དང་སྦྲགས་མཚམས་སྦྱོར་ཞུས་པའོ། །