​ཉི་ཤར་ཐང་སྨད་གྲོང་ཚོའི་ཞོག་ཁོག་ལ་འཛད་སྤྱོད་པས་དགའ་བསུ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉིན་བསྟུད་མའི་རིང་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོའི་མུའུ་སྟོང་གི་ཞོག་ཁོག་ལ་ལོ་ལེགས་བྱུང་བའི་དུས་ཚིགས་ཤར་ཞིང་། ས་གནས་དེ་གའི་མང་ཚོགས་ཚོས་བྲེལ་འཚུབ་ངང་ཞོག་ཁོག་སྔོག་འཐུ་དང་ཁག་བགོས་བྱས་ཏེ་རླངས་འཁོར་ནང་འཇོག་པ་སོགས་མཛེས་སྡུག་ལྡན་པའི་ཡུལ་གྲུ་འདི་ལ་ལོ་ལེགས་བྱུང་བའི་རྣམ་པ་ཞིག་མངོན་ཡོད།



    ཉི་ཤར་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ནུས་ལྡན་སྦྲེལ་མཐུད་བྱ་རྒྱུ་དམ་འཛིན་བྱ་རྒྱུ་གཙོར་བཟུང་ནས་ས་གནས་དེ་གའི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་བཏང་ཡོད། ཞིང་དུད་ལ་ཞོག་ཁོག་འདེབས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་། སྡེབ་སྦྱོར་ལུད་འདེབས། ལྗང་མདོག་སྔོན་འགོག་ཚོད་འཛིན། ནད་འབུའི་ཕྱོགས་བསྡུས་འགོག་བཅོས། སྨན་རྫས་ལུད་དང་ཆུ་གཞི་གཅིག་ཅན། འཕྲུལ་འདེབས་སོགས་འདེབས་འཛུགས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་བརྒྱུད་ཞོག་ཁོག་ཐོན་ཚད་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་ཞིང་ལས་མངགས་ཐོ་བརྒྱུད་དེ་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་བྱེད་སྟངས་ལ་བརྟེན་ནས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ་མང་ཚོགས་ཀྱི་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ནས་མང་ཚོགས་ཚོར་ཞོག་ཁོག་འདེབས་སྐབས་བློ་བདེའི་རྣམ་པ་ཞིག་བཏོད་དེ་ཞིང་དུད་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་དགུན་ཁ་དང་ད་ལོའི་དཔྱིད་ཀར་ཐང་སྨད་གྲོང་ཚོའི་ཞོག་ཁོག་འདེབས་ཁྱོན་མུའུ་1000ལྷག་ཙམ་ཟིན་པ་དང་མུའུ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་1ནས་ཁྲི་1.2བར་ཟིན་ཡོད་པ་རེད།





    ཉེ་བའི་ལོ་ཤས་རིང་བདེ་ཆེན་སྦྲག་སྲིད་ཀུང་སིས་ཀྲུང་གོའི་སྦྲག་སྲིད་ཞིང་ལས་ཐོན་རྫས་ཀྱི“རྐྱང་ཁྲི་འཆར་གཞིའི”རྣམ་གྲངས་ལ་དམ་པོར་དམིགས་ནས་ཚོང་དོན་ཁེ་ལས་ཀྱི་མཉམ་ལས་དང་ཁོངས་གཏོགས་ནང་གི་མཉམ་ལས་སོགས་རིམ་པ་མང་བའི་མཐུན་སྦྱོར་མགྱོགས་མྱུར་སྐོང་འཐེན་བྱས་ཏེ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཞིང་ཕན་མཉམ་ལས་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ནས་བདེ་ཆེན་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་བས་བདེ་ཆེན་ཁུལ་གྱི་ཞིང་ལས་ཐོན་རྫས་ཁྲོམ་རའི་བྲིན་ཚོང་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།





    བདེ་ཆེན་སྦྲག་སྲིད་ཡན་ལག་ཀུང་སིའི་རྣམ་གྲངས་ཀྱི་འགན་འཁུར་བ་ཧོ་ཚའེ་ཞ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཞོག་ཁོག་གི་རིན་གོང་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་དང་། ཞོག་ཁོག་རྒྱ་མ་རེར་སྒོར་2.1རག་གི་ཡོད་པ་དང་མུའུ་རེའི་ཐོན་རྫས་རིན་ཐང་ཧ་ལམ་སྒོར་ཁྲི་1ནས་ཁྲི་1.2བར་ཟིན་གྱི་ཡོད། ད་ལོ་ཀུང་སི་དེས་ཐང་སྨད་གྲོང་ཚོ་ནས་ཞོག་ཁོག་ཏུན་25ཉོ་རྩིས་ཡོད་པ་དེ་ནི་ས་གནས་དེ་གའི་གྲོང་མིའི་ངོས་ནས་བརྗོད་ན་ཡོང་འབབ་ཆེན་པོ་ཞིག་རེད། མིག་སྔའི་བར་རིམ་རྩིས་བྱས་ན་ཞོག་ཁོག་ཏུན་10ལྷག་ཙམ་བཙོངས་ཚར་ཡོད། གཞན་ཡང་སྦྲག་སྲིད་ཀུང་སིས་ཀྱང་སྔོན་མངགས་མ་དངུལ་དང་སླར་ཡང་ཕྱིར་ཚོང་གི་བྱ་ཐབས་སྤྱད་དེ་མི་སེར་གྱི་མ་དངུལ་གྱི་གནོན་ཤུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། དྲ་རྒྱའི་ཐོག་ནས་ཚོང་རྒྱག་ཐེངས་རེ་ལ་འཛད་སྤྱོད་པར་ཁ་གསབ་སྒོར་3སྤྲད་ཡོད་ཟེར།