གཅན་ཚ་མདའ་མོ་གཡང་རྫོང་གིས་འཛམ་གླིང་གི་ཟིན་ཐོ་གཉིས་བཏོད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-27   རྩོམ་ཁུངས།    གཅན་ཚ་རྫོང་དྲིལ་བསྒྲགས་པུའུ།

     ཟླ6པའི་ཚེས25ཉིན། 2023ལོའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱ་འགུལ་གཅན་ཚ་རྫོང“གཡང་མདའ”ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་ཚོགས།   ཉིན་དེར། མི2529ལྷག་མཉམ་དུ་ཞུགས་པའི་མདའ་སྟོན་ལ་འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་ལས་ཁུངས་ཀྱིས(WRCA)“གཞི་རྒྱ་ཆེས་ཆེ་བའི་མདའ་སྟོན”དུ་བདེན་དཔང་ར་སྤྲོད་བྱས། 

   “མདའ་སྟོན”ནི་གཅན་ཚའི“གཡང་མདའི”རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། གཅན་ཚ་ས་ཁུལ་ལ་མཚོན་ན་སྡེ་བ་གཉིས་མདའ་རྩལ་བྱས་ནས་མཇུག་སྒྲིལ་བའི་ཉིན་བཟང་སྐར་བཟང་ཞིག་ལ་མདའ་འཕེན་སྡེ་བ་གཉིས་ཀྱིས་ལོ་དེའི་བཀྲ་ཤིས་རྟགས་མཚན་གྱི་གཡང་མདའ་མཇུག་སྒྲིལ་ནས་སྡེ་བ་ཕྱོགས་གཉིས་ཀས(མདའ་སྟོན)ཞེས་པའི་བཀྲ་ཤིས་རྟགས་མཚན་གྱི་བྱེད་སྒོ་རྒྱ་ཆེན་ཞིག་སྤེལ་ལ། མདའ་སྟོན་སྐབས་སུ་ཕྱོགས་གཉིས་ཀའི་མདའ་རྩལ་པས་འཕྱོར་གོས་གྱོན་པ་དང་།  མདའ་རྩལ་པས་རང་རང་གི་སྐུགས་ཡ་རང་ཁྱིམ་དུ་ཁྲིད་ནས་ཟས་མགྲོན་གང་ལེགས་བྱེད་ལ། མདའ་རྩལ་སྐབས་ཀྱི་དགྲར་འཛིན་གྱི་རྣམ་པ་ཡོངས་སུ་མེད་པ་དང་། "ཤ་ཉེ"ཞེས་བོས་ནས་མགྲོན་བརྩི་མགྲོན་བཀུར་ཆེན་པོ་བྱེད་པ་ཡིན། ས་ཡོངས་སུ་རུབ་རྗེས་སྡེ་བའི་མ་ཎི་ཁང་དུ་སྡེ་བ་གཉིས་ཀྱི་མདའ་རྩལ་པ་མ་ཟད། སྐྱེས་ཕོ་མོ་ཡོངས་འཛོམས་ཏེ་ཤ་ཐུད་ཀྱི་རི་རབ་བརྩིགས་པ་དང་ཇ་ཆང་གི་མཚོ་མོ་བསྐྱིལ་ཏེ་གསོལ་སྟོན་རྒྱ་ཆེར་བཤམས་པ་དང་། དེར་མདའ་བཤད་གཙོ་བྱས་པའི་ཁ་མཚར་བཤད་པ་དང་གླུ་ཤགས་ལེན་པ། རྩེད་རིག་འཁྲབ་པ། ལ་གཞས་ལེན་པ་བཅས་བྱས་ཏེ་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་བཞིན་སྡེ་བ་གཉིས་ནམ་ཡང་ཞི་བདེ་མཉམ་གནས་དང་ཕན་བདེ་ཡར་རྒྱས་འབྱུང་བར་སྨོན་འདུན་ཡང་ཡང་རྒྱག་བཞིན་མཇུག་སྒྲིལ་བ་ཞིག་ཡིན།

   


    དེ་དང་ཆབས་ཅིག འཁྲབ་སྟོན་པ1370ལྷག་གིས་མཉམ་དུ་རྩེད་པའི་ཨ་མདོའི་རྩེད་རིག་འཁྲབ་སྟོན་ལ་འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་ལས་ཁུངས་ཀྱིས(WRCA)“གཞི་རྒྱ་ཆེས་ཆེ་བའི་ཨ་མདོའི་རྩེད་རིག་འཁྲབ་སྟོན”དུ་བདེན་དཔང་ར་སྤྲོད་བྱས་ཡོད།



ཟིན་ཐོ་འདི་གཉིས་ནི་གཅན་ཚ་རྫོང་ལ་ཐོབ་པའི་འཛམ་གླིང་གི་ཟིན་ཐོ་བཞི་པ་དང་ལྔ་པ་དེ་ཡིན་ལ། མིག་སྔར་གཅན་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་གི་ཟིན་ཐོ་རྒྱུན་འཁྱོངས་བྱེད་མང་ཤོས་ཀྱི་རྫོང་ཞིག་ཏུ་གྱུར་ཡོད།