​ཕྱག་ཕྲེང་གི་གྱང་ཁང་དཀར་པོའི་མཆོད་ཁང་གི་རིག་གནས་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-27   རྩོམ་ཁུངས།    ཁམས་པའི་དྲ་བ།



    ཕྱག་ཕྲེང་གི་ཁང་པར་ཆོས་དང་འཇིག་རྟེན་ཟུང་འབྲེལ་གྱི་རྣམ་པ་ཞིག་ཡོད་དེ། འཇིག་རྟེན་པའི་འཚོ་སྡོད་དང་ཐོན་སྐྱེད་བྱ་ཡུལ་གྱི་མ་ཁང་དང་། ཆོས་ལུགས་ཀྱི་རྟེན་གསུམ་བཞུགས་ཡུལ་དང་མཆོད་འབུལ་བྱ་ཡུལ། རིམ་གྲོ་ཆོ་ག་སྒྲུབ་སའི་མཆོད་ཁང་གཉིས་ཡོད་པ་ལས། འདིར་མཆོད་ཁང་གི་ཕྱིའི་གྲུབ་ཆ་དང་། ནང་གི་ཆགས་བཀོད། སྐར་ཁུང་། མཆོད་གཤོམ། ལྡེབས་རིས། ཀ་གདུང་བཅས་རོབ་ཙམ་བརྗོད་པ་ལ། 

གཅིག། ཕྱག་ཕྲེང་གི་མཆོད་ཁང་གི་ཕྱིའི་གྲུབ་ཆ། 

    ཕྱག་ཕྲེང་བས་མཆོད་ཁང་ལ་མཛོད་ཀྱང་ཟེར། དེ་ནི《མཁས་པའི་དགའ་སྟོན》ནང་བཤད་པ་ལྟར་ན།སྤྱི་ལོའི་གོང་གི༡༡༧ལོར་ཕེབས་པའི་གཉའ་ཁྲི་བཙན་པོའི་སྐབས་ཀྱི་ཐ་སྙད་ལྷག་མ་ཞིག་ཡིན་པར་ངེས་ཏེ་སྐབས་དེར་མཛོད་ཁང་ཟེར་བ་ལས་མཆོད་ཁང་གི་མིང་བྱུང་མེད། 

    ཕྱག་ཕྲེང་དུ་མ་ཁང་དང་མཆོད་ཁང་གཅིག་ཏུ་བྱས་ཏེ། མཆོད་ཁང་དེ་མ་ཁང་གི་སུམ་ཐོག་ལ་བཟོས་པ་ཞིག་དང་། མ་ཁང་དང་མཆོད་ཁང་སོ་སོར་བྱེད་དེ་སློབ་དཔོན་ཁར་བྱས་ནས་བཟོས་ཏེ། མ་ཁང་གི་ཁ་ལྷོ་ལ་འཁོར་ན། མཆོད་ཁང་ཤར་རམ་ནུབ་ལ་གཏད་པ། མ་ཁང་ཤར་ལ་འཁོར་ན། མཆོད་ཁང་ལྷོ་རུ་གཏད་པ།མ་ཁང་ཀ་བ་༣༠དང༣༥  ༤༠  ༤༥ ༥༠སོགས་ལ་མཆོད་ཁང་ཕལ་ཆེར་ཀ་བ༩དང་། ༡༢  ༡༦  ༢༤སོགས་བྱ་སྲོལ་ཡོད། མཆོད་ཁང་གི་འོག་ཐོག་ནི་བ་ཕྱུགས་གསོ་སའམ་ཅ་དངོས་ཙག་ཙིག་འཇོག་ས་ཡིན། མཆོད་ཁང་གི་བར་ཐོག་ནི་རྟེན་གསུམ་བཞུགས་གནས་དང་རིམ་གྲོ་ཆོ་ག་སྒྲུབ་གནས། སུམ་ཐོག་ནི་བླ་མ་གྲྭ་པའི་བཞུགས་ཤག་ཡིན།

    མཆོད་ཁང་ལ་འགྲོ་དགོས་ན་མ་ཁང་གི་བར་ཐོག་གི་ཉི་ར་བརྒྱུད་ནས་འགྲོ་བ་ལས་མཆོད་ཁང་གི་འོག་ཐོག་དང་བར་ཐོག་གང་ལའང་རྒྱ་མཐོངས་བཟོས་ནས་སྐས་འཛུགས་སྲོལ་མེད། 

    བར་ཐོག་གི་མ་ཁང་དང་མཆོད་ཁང་གི་གྱང་གི་མཐུད་མཚམས་ལ་མཆོད་ཁང་ལ་འཛུལ་སའི་མཛོད་སྒོ༼མཆོད་ཁང་གི་སྒོ།༽ བཙུགས་ཡོད། མཆོད་ཁང་གི་འོག་ཐོག་ལ་མ་ཁང་གི་ར་སྒོ་དང་ཐག་ཉེ་སར་ར་སྒོ་ཞིག་དང་དེའི་འཁྲིས་ལ་རླུང་འགྲོའམ་གསལ་དཀར་ཞེས་སྐར་ཁུང་གྲུ་བཞི་མ་ཆུང་ངུ་ཞིག་ཡོད། ར་སྒོའི་ལྟག་ལ་མཆོད་ཁང་གི་བར་ཐོག་སྐར་ཁུང་ཡིན། བར་ཐོག་སྐར་ཁུང་གི་གོང་དུ་སུམ་ཐོག་གི་སྐར་ཁུང་གཉིས་སམ་གསུམ་བསྟར་དུ་བསྒྲིགས་པས་མི་ཞིག་གི་ཁ་མིག་དབང་པོ་ཚང་པའི་ངོ་གདོང་ཞིག་དང་གཉིས་སུ་མ་མཆིས། 


    སྤྱིར་བཏང་མཆོད་ཁང་བར་ཐོག་ནི་མ་ཁང་བར་ཐོག་ལས་སྟོང་ཆའི་སྨི་༡༢༠༠ཡས་མས་མཐོ་བས། མ་ཁང་སུམ་ཐོག་ནས་མཆོད་ཁང་སུམ་ཐོག་གི་སྒོའི་ནང་འཛུལ་དགོས་ན་དེ་གཉིས་བར་འཛེག་སྐས་བང་རིམ་གསུམ་མམ་ལྔ་ཙམ་ཞིག་བཙུགས་ཡོད། བཞི་ཐོག་ལ་ཨར་ག་ས་སྦྱོར་དུས་མ་ཁང་དང་མཆོད་ཁང་བར་སྐས་འཛེག་ཅིག་ཡོང་བ་དེས་གྱང་བར་ནས་ཆར་པ་གཏིགས་ཉེན་ཆེ་བས། དེང་སང་འགའ་ཤས་ཀྱིས་མཆོད་ཁང་སུམ་ཐོག་ཇེ་དམའ་རུ་བཏང་ནས་མ་ཁང་སུམ་ཐོག་དང་མཉམ་པར་བྱེད། མ་ཁང་སུམ་ཐོག་གི་ནུབ་དང་བྱང་གང་རུང་དུ་ཤར་མར་ཐུད་གསུམ་དང་གྲོ་ནས་སྲན་གསུམ་སོགས་བཟའ་བཏུང་འཇོག་སའི་བང་ཁང་ཡོད།

སྦྱིན་བདག་བླ་མ་དགེ་བཤེས་དང་བཀའ་བསྟན་འགྱུར་ཡོད་མཁན་ཡིན་ན། མཆོད་ཁང་གི་སྟེང་ལ་ཐོག་དང་རླུང་སྐྱོན་འགོག་པའི་ཆེད་དུ་སྤེན་རྩེག་འཇོག་པའི་སྲོལ་ཡོད།

གཉིས།  མཆོད་ཁང་གི་ནང་གི་ཆགས་བཀོད།

    མཆོད་ཁང་ནང་གི་གྲུབ་ཆ་ལ་གཙོ་བོར་བར་ཐོག་གི་བཀོད་པ་ཡིན་ཏེ། བར་ཐོག་གི་མཛོད་སྒོ་ནས་ནང་དུ་སོང་བའི་གཡས་གཡོན་གང་རུང་ལ་སྐར་ཁུང་དང་། དེའི་ཁ་གཏད་ཀྱི་གྱང་རྩ་ཡོངས་ལ་མཆོད་གཤོམ་༼  མཆོད་སྒྲོམ་ ༽ ཀུན་དགའ་ར་བ་ཡིན། དེ་གཉིས་བར་གྱི་དཀྱིལ་ཀ་གཉིས་དེ་ཁང་པ་ཡོངས་ཀྱི་ཀ་བའི་ཡང་རྩེ་ལྟ་བུ་ཡིན་པས། རིང་ཚད་དང་སྦོམ་ཚད། བརྐོས་དཀྲོལ་སོགས་ཀ་བ་གཞན་ཀུན་ལས་འབུར་དུ་ཐོན་པ། འགའ་ཤས་ཀྱིས་དེ་ཀ་རིང་བྱས་ནས་སུམ་ཐོག་ལ་སླེབས་པར་བྱེད། འགའ་ཤས་ཀྱིས་དེ་ལ་འབྲུག་འཁྱིལ་རྐོ་སྲོལ་ཡོད་པས་འབྲུག་ཀ་ཡང་ཟེར།

   ཕྱག་ཕྲེང་དུ་ཡུལ་ཚོ་བརྒྱད་དགེ་ལུགས་ཀྱི་ཆོས་ཞུ་ཡིན་པ་དང་། མཆོད་ཁང་གི་བཞེངས་ལྷ་ཡང་དེ་ལུགས་ལྟར་བཀོད་སྒྲིག་བྱེད་སྲོལ་འདུག། དཔེར་ན། ཀུན་དགའ་རྭ་བའི་མཆོད་སྒྲོམ་གྱི་དཀྱིལ་དུ་སྨན་འདམ་མམ་གསེར་ཟངས་ལས་བཞེངས་པའི་རྗེ་ཡབ་སྲས་གསུམ་དང་། དེའི་གཡས་སུ་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་དང་གཡོན་དུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། དེ་གཉིས་ཀྱི་ལྟག་ལ་མཆོད་སྒྲོམ་ཆུང་བ་དུ་མ་ཡོད་པར་གསེར་དངུལ་ཟངས་ལྕགས་དང་། ལི་སོགས་ཀྱི་རྟེན་རྙིང་བྱིན་ཅན་བཞུགས་པ། རྟེན་གཙོའི་གཡས་གཡོན་གྱི་དཔེ་སྒྲོམ་ལ་དྲ་མིག་བཟོས་ནས་འབུམ་དང་བཀའ་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཁག། མ་མཐར་ཡང་གཟུངས་བསྡུས་དང་། བརྒྱད་སྟོང་། བསྐལ་བཟང་། ཉི་ཁྲི་སོགས་བཞུགས།

     གལ་སྲིད་བཀའ་བསྟན་འགྱུར་དང་གསུང་འབུམ་དེ་དག་ཞལ་མ་ཕྱེ་པར་ཡུན་རིང་བཞག་ན་བགེགས་ཞུགས་པའི་ཉེན་ཁ་ཡོད་ཟེར་སྲོལ་ཡོད་པས། ཁྱིམ་ཚང་ཆེ་གྲས་རྣམས་ཀྱིས་ལོ་རེ་བཞིན་དགེ་འདུན་པ་གདན་དྲངས་ནས་དཔེ་ཆ་ཡོད་ཚད་དག་འདོན་ཚར་གཅིག་དང་། མ་མཐའ་ཡང་ཨ་མཆོད་གདན་དྲངས་ནས་ཞལ་ཁ་ཕྱེ་ཞེས་པོ་ཏི་ཡོད་ཚད་ཁ་ཕྱེ་ནས་མགོ་མཇུག་བར་གསུམ་གྱི་ཤོག་ལེབ་ཁ་ཤས་འདོན་སྲོལ་ཡོད།  

    གཙང་ཁང་སྦུག་གི་གྱང་དུ་གཏེར་ཞེས་ཕུག་ཁུང་ཞིག་བརྐོས་ཏེ་གཡང་སྒམ་འཇོག།  གཡང་སྒམ་ནང་ལ་སྟེང་འོག་གི་ཆོད་གཉིས་ལས། སྟེང་ལ་ཆང་བཅུད་དང་། གཏོར་མ་སོགས་བཤམས། འོག་ལ་འབྲུ་རིགས་སྣ་ལྔ་དང་། རིན་ཆེན་སྣ་ལྔ། སྨན་སྣ་ལྔ་སོགས་ཀྱིས་བཀང་བའི་གཡང་ཁུག་འཇོག། གཡང་ཁུག་གི་མཐའ་བཞིར་སྤོས་ཤེལ་དང་། བྱུ་རུ། གཡུ། དུང་དཀར་བཅས་འདོགས། 

གཡང་གཏེར་དང་གཡང་སྒམ། གཡང་རྫས་སོགས་གྲ་སྒྲིག་ལེགས་གྲུབ་བྱུང་རྗེས། དགེ་འདུན་པ་གདན་དྲངས་ནས་གཡང་ལེན་ཆོ་ག་བསྒྲུབས་ཤིང་། གཡང་ཁུག་གི་ཁ་བསྡོམས། གཡང་སྒམ་ལ་སྒོ་ལྕགས་བཏབ། ཐང་ཆུས་ཁ་སྦྱར་ནས་གཡང་ལེན་རྗེས་མ་མ་ཟིན་པར་བཀག་རྒྱ་བྱེད།

    མཆོད་ཁང་གི་གྱང་ལྡེབས་ངོས་སུ་སྟེང་ལ་ཕུར་མ་དང་ཡང་ན་དྲ་བ་དྲ་ཕྱེད། ལྡེབས་གཞི་དམར་སེར་སྟེང་གོས་ཆེན་གྱི་རི་མོ་རག་འདུལ་སྤུས་ལེགས་ཀྱིས་ཉམས་དང་ལྡན་པ་ཞིག་འབྲི་བ་ནི་སླ་ཞིང་མཛེས་ལ་སྣུམ་མདངས་ཆགས་པ་ཡིན། མཆོད་ཁང་ནང་གི་མདུན་ཅོག་དང་གྲྭ་ཁྲི་སོགས་ལའང་དེ་མཚུངས་ཀྱི་རི་མོ་འབྲི་བ་སྟེ། རྐོས་ཡོད་མེད་དང་། རི་མོ་རྒྱས་བསྡུས། ལ་ཁྲ་དང་སྟག་པ། ཤུག་པ་ཤིང་དང་སྟར་ཀ་སོགས་ཤིང་གང་ཞིག་ལས་བཟོ་བ་སོགས་ནི་ཁྱིམ་བདག་རང་རང་གི་ཆ་རྐྱེན་དང་མོས་པ། འཁོས་འབྱོར་སོགས་ཀྱི་རྐྱེན་པས་སྣ་ཚོགས་པའོ་ཞེས《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》ལས་གསུངས།

གསུམ།  མཆོད་ཁང་གི་སྐར་ཁུང་།

     ར་སྒོའི་ལྟག་ལ་ཡོད་པའི་མཆོད་ཁང་གི་སྐར་ཁུང་ཆེན་པོ་འདི་ནི་ཁང་པ་ཡོངས་ཀྱི་སྐར་ཁུང་གི་ཡང་རྩེ་ཡིན་པས།  དེ་ནི་ལྷ་ལམ་དང་ཐད་ཀར་འབྲེལ་ཞིང་།    འོད་གསལ་དང་ཡེ་ཤེས་པ་གཉིས་སུ་མེད་པའི་འགྲོ་འོང་བྱེད་པའི་གནས་ལམ་དུ་ངོས་འཛིན་བྱས་པ་མ་ཡིན་ནམ་བསམ་པའི་གཞི་ཁྱོན་ཆེ་ལ་བརྐོས་དཀྲོལ་ཕུན་སུམ་ཚོགས་པ་དང་ཚོན་རིས་རྣམ་པར་བཀྲ་ཞིང་ཡིད་དབང་འཕྲོག་པར་བྱས་ཡོད།   

    སྐར་ཁུང་དེའི་བཟོ་བཀོད་ནི། སྟེང་ནས་འོག་ཏུ་རིམ་བཞིན་ཆར་པ་འགེབས་སའི་རྡོ་ལེབ་དང་།  སྟེང་ལ་མེ་ཏོག་དང་འོག་ལ་རྒྱ་ནག་ལྕགས་རི་བསྟར་པར་བྲིས་པའི་བབ་ཁེབས། བབ་ལི་སེང་གདོང་མ།༼ཕྱག་ཕྲེང་སྐད་དུ་བྱེའུ་བཀག་ཟེར། མཛེས་རྒྱན་ཙམ་མ་ཚད་ཆར་པ་འགེབས་བྱེད་ཀྱང་ཡིན།༽ བབ་ལིའི་བར་གྱི་བྱེའུ་བཀག། ༼ཕྱག་ཕྲེང་བས་དེ་ལ་བྱེའུ་གཤོག་ཟེར། དེའི་ཐོག་ཚོན་རིས་མི་འདྲ་བའི་མེ་ཏོག་གམ་གཡུང་དྲུང་རི་མོ་འབྲི་སྲོལ་ཡོད། ༽ སླར་ཡང་བབ་ལི་སེང་གདོང་མ། བྱེའུ་བཀག།༼དེའི་བར་ལ་ཚོན་རིས་མི་འདྲ་བའི་མེ་ཏོག་འདབ་བཞིའམ་འདབ་བརྒྱད།༽ ཆོས་བརྩེགས། བབ་ལི་དང་བྱིའུ་བཀག་མཉམ་སྦྲེལ་མ། ༼བབ་ལི་ལ་དཀར་རྩི་བྱུགས་ཤིང་བྱིའུ་བཀག་ལ་མེ་ཏོག་པད་མ་བྲིས་པ། མཐའ་གཉིས་ཀྱི་བབ་ལི་དེ་འབྲུག་མགོ་བྱས་ནས་མདུན་དུ་ཅུང་ཟད་རིང་པ།༽ བཅས་དང་། དེའི་འོག་ལ་རྒྱ་ནག་ལྕགས་རི་བརྐོས་པ། ༼གཤོང་ས་ལ་ནག་པོ་དང་འབུར་ས་ལ་དཀར་པོ་བྱུགས་པ་དེས་སྟེང་ཕྱོགས་དང་གཡས་གཡོན་གཉིས་ནས་བསྐོར་བ།༽ ལྕགས་རིའི་འོག་ལ་འབྲུག་ཁ་སྤྲོད། དེ་ནས་སྟེང་ཕྱོགས་དང་གཡས་གཡོན་གཉིས་ལ་ཕྱི་ནས་ནང་གི་རིམ་པར་གཡུང་དྲུང་མདུད་པ་དང་། ཤིང་ལོ། ཆོས་བརྩེགས་འབུར་མ། ཆོས་བརྩེགས་ཀྱོང་མ།  ༼བུང་ཚང་།༽ པད་སྐྱོར་དང་། པདྨ། འབྲུག་ཁང་བཅས་རིམ་པ་མང་པོ་བརྩེགས་པ་ཅན། 《ལག་ཤེས་ཀུན་འདུས་ཆེན་མོ།》དེའི་ནང་དུ་འདན་སྒོ། དག་ཁྲ་སྤོས་སྒོ་རྒྱ་ཅན་ནམ། ཡང་ན་གཡུང་དྲུང་བསླས་མ། སྒང་འབུར་གའུ་མ་སོགས་ཀྱི་ཕྱི་རུ་ཁྲ་མ་མེ་ཏོག་ཅན་བཅས་ཀྱི་བཀོད་པ་སྣ་ཚོགས། སྒེའུ་ཁུང་སྟེང་དུ་སྒོ་རྒྱན་ཁྲ་མ་ལ་མེ་ཏོག་འདབ་མ་བཞི་པ་དག་མུ་འབྲེལ་དུ་སྒྲིག་པ་དང་། གཡུང་དྲུང་སོགས་བསླས་པའི་པ་ཏྲ་རིགས་ཀྱི་བསླས་མཚམས་དང་། ཡང་ན་ཁུག་ཏུ་མེ་ཏོག་བརྐོས་མས་བརྒྱན་པ་སྣ་ཚོགས་འབྱུང་ལ། དེ་ལའང་དགུན་གྱི་དུས་སུ་དཀར་ཆ་ཆེ་ཞིང་དྲོད་གནས་པའི་ཐབས་སུ་ཤེལ་ཁྲ་སྤྲད་པ་དང་། དབྱར་གྱི་དུས་སུ་གསལ་ཞིང་དྭངས་ལ་སྣང་བ་སྤྲོ་བའི་རས་ཀྱི་ཁྲ་ཡོལ་ཁོ་ན་ཙམ་བཀལ་ལ། བོད་ལུགས་ཀྱི་ཁྲ་ཡོལ་ནི། རས་དཀར་དྭངས་གསལ་ལ་རས་ནག་པོའི་ལྕགས་རི་ཅན། སྐར་ཁུང་ཆེ་རིགས་ཀྱི་ཁྲ་ཡོལ་ལ་དཀྱིལ་ནས་སྲིད་དང་འཕྲེད་དུ་རས་ནག་པོའི་རྒྱ་གྲམ་ཅན། བསྣོལ་མཚམས་ཐམས་ཅད་དུ་རས་དམར་པོ་མཐའ་ཤན་དང་འཚམ་པའི་གྲུ་བཞི་མས་སྤྲས་པ། དེའི་སྟེང་དུ་རས་དང་གོས་དར་གྱི་ཕུར་མས་མཛེས་པ།

     མཆོད་ཁང་གི་རི་འགེལ་གྱི་སྟེང་ནས་གནམ་སྔོན་པོ་དང་མེ་དམར་པོ། ས་སེར་པོ། ཤིང་ལྗང་ཁུ་བཅས་འབྱུང་བ་ལྔ་མཚོན་པའི་འཇའ་གདན་དྲང་པོར་འཐེན། དེ་གཉིས་བར་གྱི་གཞལ་ཡས་ཁང་ལ་གསང་བདེ་འཇིགས་གསུམ་དང་། ཀུན་རིག། སློབ་དཔོན་པདྨ་འབྱུང་གནས། རྗེ་ཡབ་སྲས་གསུམ། མཛད་པ་བཅུ་གཉིས། བདེ་ཆེན་ཞིང་བཀོད།

    སྐར་ཁུང་གི་མཐའ་ནས་འོག་ཞེང་ཆེ་བ་གསུམ་ཆ་གཉིས་ཡིན་ན། སྟེང་ཞེང་ཆུང་བ་གསུམ་ཆ་གཅིག་ལ་ས་ནག་བྱུགས་པ་ནི་འགའ་ཤས་ཀྱིས་བདུད་ཀྱི་སྨ་ར་མཚོན་བྱེད་རེད་ཟེར་བ་དང་། ལ་ལས་དམ་ཅན་ཆོས་རྒྱལ་གྱི་རྭ་ཅོ་ཟེར་བ་སོགས་ཤོད་སྲོལ་མང་པོ་ཡོད་ཀྱང་། ཚོས་གཞི་ནག་པོས་ཉི་འོད་འཐེན་པ་དང་། དཀར་པོས་ཉི་འོད་བཀག་པ་དེ་རང་རེའི་མེས་པོ་ཚོས་སྔར་ནས་ཤེས་ཀྱི་ཡོད་པས། བོད་ཁང་ཕལ་ཆེར་གྱི་ཕྱི་རྩིག་དཀར་པོ་བཟོ་སྲོལ་ལ་བརྟེན། དགུན་དུས་ཁང་པའི་ནང་ཉི་འོད་ཕོག་ནས་དྲོད་ཚད་འཐེན་ཤུགས་ཆེ་ཕྱིར་སྒེ་ཁུང་གི་མཐར་ནག་རྩི་གཏོང་བ་ཡིན།

བཞི། མཆོད་གཤོམ།

     སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་དགེ་རྒན་ཆེན་མོ་སྨན་སྒང་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་གསུངས་བ་ལྟར་ན། མཆོད་གཤོམ་ལ་བཞུགས་པའི་གཙོ་ལྷའི་རྒྱབ་ཡོལ་རྒྱན་དྲུག་གི་བརྐོས་དཀྲོལ་ཏེ། བྱ་ཁྱུང་ནོར་བུའི་རྒྱན༼  མགོ་བོ་མི་ལ་ཁོག་སྨད་སྦྲུལ་གྱི་གཟུགས།༽ དང་། ཆུ་སྲིན་པ་ཏྲའི་རྒྱན། བུ་ཆུང་མཛེས་པའི་རྒྱན།  རྟ་མཆོག༼  རྟའི་རྭའམ་བསེ་རུའི་རྭ་ཡིས་མཚོན་པ།༽ གམ་ཤྭ་བ་བང་གི་རྒྱན།  སེང་གེ་རྩལ་གྱི་རྒྱན།  གླང་པོ་སྟོབས་ཀྱི་རྒྱན་བཅས་དང་། དེ་ནི་འཇིག་རྟེན་ན་ཆེ་བ་དྲུག་གི་རྒྱན་ཞེས་པ་སྟེ། བྱ་ཁྱུང་གནམ་གྱི་ཆེ་བ་དང་། ཆུ་སྲིན་ཆུ་ཡི་ཆེ་བ། བུ་ཆུང་མི་ཡི་ཆེ་བ།༼  གཟུགས་བོང་མི་ཆེ་ཡང་སེམས་ནང་ལ་བུ་ཆུང་རྩ་ཆེ་བའི་ཆ་ནས་མི་ཡི་ཆེ་བར་འཇོག་པར་གྲགས།༽ ཤྭ་བ་རི་དྭགས་ཀྱི་ཆེ་བ། སེང་གེ་གཅན་གཟན་གྱི་ཆེ་བ། གླང་པོ་དུད་འགྲོའི་ཆེ་བ་ཟེར་སྲོལ་ཡོད་ལ། གཞན་ཡང་རྒྱན་དྲུག་དེ་ལུགས་ལྡོག་ཏུ་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕར་ཕྱིན་དྲུག་མཚོན་པ་ཡོད་གསུངས།

     《ལག་ཤེས་ཀུན་འདུས་ཆེན་མོ།》 ལས། མཆོད་ཁྲིའི་དཔྲོག་རྒྱན་སྒོ་རྒྱན་དང་འདྲ་བ་དང་། ཡང་ན་རྒྱ་ཕིབས་ལྟ་བུ་དང་། ཕྱེ་མ་ལེབ་ཀྱི་སྤྲས་ཀ་ཅན་སོགས་སྣ་ཚོགས། མཆོད་ཁྲིའི་ཕྱི་ཁོག་ལ་པད་སྐྱོར་དང་པདྨ་ནས་འབྲུག་ཁང་བར་བསྒྲིགས་པའང་མང་། མཆོད་ཁྲིའི་རི་མོ་ནི། ཕལ་ཆེར་སྐྱོ་འབུར་དང་བརྐོས་རིགས་གཉིས་ཏེ། རྒྱན་རིས་པ་ཏྲ་ལ། དཀྱིལ་ནོར་བུ་མེ་འབར། ཕྱོགས་གཉིས་གཡུ་འབྲུག་ཁ་སྤྲོད། ཡང་ན་དབུས་སུ་རི་དྭགས་ཆོས་འཁོར། ཕྱོགས་གཉིས་སུ་ཤིང་ལོ་པ་ཏྲ་མེ་ཏོག་གིས་མཛེས་པ། ཡང་འགའ་རེ་ལ། དཀྱིལ་དུ་ཙི་པ་ཏྲ། ཁ་ནས་རིན་པོ་ཆེ་རཏྣ་ཕྱུར་བ། ལག་པ་གཉིས་ནས་ཤིང་ལོའི་པ་ཏྲ་ཕྱོགས་གཉིས་སུ་གྱེས་ཤིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་སོགས་ནི་འཕྱོ་འཕྲུའི་རི་མོ་སྟེ། མཆོད་ཁྲིའི་ལག་འཐེན་དང་སྒོ། ཤིང་བཀག་རྣམས་སྟག་སེང་ཁྱུང་འབྲུག། ཚེ་རིང་རྣམ་དྲུག། མཐུན་པ་སྤུན་བཞི། རང་བྱུང་རྣམ་ལྔ། འདོད་ཡོན་སྣ་ལྔ། མཆོད་པའི་ལྷ་མོ་བརྒྱད། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། རིན་ཆེན་སྣ་བདུན་སོགས་འོས་འཚམ་དང་། མཆོད་ཁང་ནང་གི་གནམ་གཅལ་གྱེན་སྤྲད་ལ། པ་ཏྲ་ལག་བསླས། རྟགས་བརྒྱད་བུམ་གཟུགས། སྣོད་བཅུད་བསྟོད་པའི་འཁོར་ལོ། བཏགས་གྲོལ་དང་མཐོང་གྲོལ་འཁོར་ལོའི་རིགས། བཀྲ་ཤིས་རྟགས་མཚན་གྱི་རི་མོའི་རིགས་བཀོད།

ལྔ། ལྡེབས་རིས། 

    མཆོད་ཁང་གྱང་ངོས་ལ་ལྡེབས་རིས་འབྲི་དགོས་ན། ཐོག་མར་ས་དཀྱུས་མ་དང་བྱེ་མ་བསྲེས་པའི་འདམ་པ་རྩིག་ལྡེབས་སུ་བྱུགས་སྟེང་། ཤིང་གི་འདེད་པང་གིས་འཁོད་སྙོམས་པར་བཟོས་པ་ལ་ཞལ་གདན་ནམ་རྩུབ་ཞལ་ཟེར། དེའི་ཐོག་ལ་སིབ་པ་བྱེ་མ་གསུམ་ཆ་གཉིས་ལ་ས་བ་དཀར་ཞིབ་མོ་གསུམ་ཆ་གཅིག་བསྲེས་ཏེ་འདམ་པ་གཡོས་པ་དེ་རྩུབ་ཞལ་གྱི་སྟེང་བྱུག་ཐོག་རྡོ་འཇམ་པོས་དབུར་བརྒྱབ་པ་དེ་ལ་འཇམ་ཞལ་ལམ་ཞལ་ཆེན་ཟེར། 

    ལོགས་བྲིས་ལ་གཙང་སྦྲ་ཡོང་བའི་ཆེད་དུ། སྟེང་ལ་བླ་བྲེ་དང་འོག་ལ་འཇའ་གདན་ཡོད་པ་སྟེ།  གདུང་མའི་ཞབས་ནས་གནམ་ས་གཉིས་ཀྱི་ཁ་དོག་མཚོན་པའི་སྔོན་པོ་དང་སྤང་མདོག་གི་བླ་བྲེའི་འཇའ་ཁྲིད་པ། དེ་ལ་སེར་པོའམ་དཀར་པོས་ཕུར་མ་བྱེད་མཁན་ཡང་ཡོད། བླ་བྲེ་འདི་ངེས་པར་བོད་ཀྱི་ལུགས་ཡིན་ཏེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས《ཤེས་བྱ་ཀུན་ཁྱབ》ལས།བྲག་དང་སྤང་རི་རི་དྭགས་དང་། །བླ་བྲེ་ཆུན་འཕྱང་མཛེས་པའི་རྒྱན། །སྣ་ཚོགས་གཟུགས་དང་གངས་རིའི་ཁྲོད། །གངས་ཅན་བཟོ་ཡི་ཁྱད་ཆོས་ཡིན།།གསུངས་པ་བཞིན་ནོ།།

    དགའ་ལྡན་ལྷ་བརྒྱ། རིགས་གསུམ་མགོན་པོ། སྒྲོལ་མ་ཉེར་གཅིག།  ཚེ་ལྷ་རྣམ་གསུམ། སྟོན་པ་གཙོ་འཁོར། བདེ་གཤེགས་སོ་ལྔ།  ལྟུང་བཤགས་སོ་ལྔ། སྨན་བླ་མཆེད་བརྒྱད། ཛམ་བྷ་ལ། མགོན་པོ་ཕྱག་དྲུག། དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ་སོགས་གང་རུང་གི་ལྡེབས་རིས་བཞེངས།

   གྱང་རྩའི་གདུང་མའི་བར་དང་། གཞི་མིག་བར་གྱི་གདུང་མའི་བར་ལ་ལྔ་ཐང་ཞེས་སྟོན་པ་གཙོ་འཁོར་གསུམ་དང་། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། རྗེ་ཡབ་སྲས་གསུམ། ཀུན་རིག་རྣམ་པར་སྣང་མཛད་སོགས་སངས་རྒྱས་བྱང་སེམས་དང་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱི་ཞལ་ཐང་བཀལ།

དྲུག། ཀ་གདུང་གི་རིག་གནས། 

    ཕྱག་ཕྲེང་གི་གྱང་ཁང་དཀར་པོའི་མཆོད་ཁང་གི་བར་ཐོག་འདི་དགོན་པ་ཆུང་ཆུང་ཞིག་གི་འདུ་ཁང་དང་འདྲ་བས། གདོང་གྲལ་གྱི་བཞི་མིག་ཕལ་ཆེར་རིང་ཚད་སྟོང་ཆའི་སྨི་༤༠༠༠ཡས་མས་དང་། དེ་མིན་གྱི་མཐའ་བཞིའི་བཞི་མིག་ཁག་ལ་སྟོང་ཆའི་སྨི་༣༠༠༠ཡས་མས་ཡོད། འོག་ནས་གོང་ལ་ཕལ་ཆེར་ཤིང་བརྩེགས་བཅུ་གསུམ་ཡོད་དེ། ཀ་བ་དང་། གཞུ་ཆུང་།༼སྦེ་ལོག།༽ གཞུ་རིང་། པད་མ། ཆོས་བརྩེགས། གདུང་མ། བབས་གདན། བབས་ཐུང་། བབས་རིང་། དྲེ་གདན། དྲེ་ཐུང་། དྲེ་རིང་། ལྕམ་བཅས་སོ།།

    ཀ་བའི་བཟོ་ཏ་ལ་ཟླུམ་པོ་དང་། གྲུ་བཞི། ཟུར་བརྒྱད། ཟུར་མང་སོགས་ཡོད། འོག་ཁང་གི་ཀ་བ་ཕལ་ཆེར་ཟླུམ་པོ་ཡིན། ཀ་བ་ལ་སྲིད་གསུམ་གྱི་རི་མོ་ལས་ལྷ་ཡི་རི་མོ་མཚོན་པར་སྤྲིན་རིས་དང་མཆོད་པའི་ལྷ་མོ་སོགས། ཀླུའི་རི་མོ་མཚོན་པར་ཆུ་རིས་དང་འབྲུག་རིས་སོགས། གཉན་གྱི་རི་མོ་མཚོན་པར་བྲག་རིས་དང་རི་དྭགས་སོགས། ཁ་ཤས་ཀྱིས་ཀ་འཕན་གྱི་ཚབ་ལྟར་དྲ་བ་དྲ་ཕྱེད་འབྲི་མཁན་ཡང་འདུག། 

   ཀ་མགོར་པད་མ་དང་། གཞུ་ཆུང་ལ་ནོར་འཛིན་པ་ཏྲའམ་ཙི་འགོ་པ་ཏྲ། ཡང་ན་སྟོན་པའི་སྐུ་བྲིས། 

   གཞུ་རིང་ལ་དཀྱིལ་དུ་སྟོན་པའི་སྐུའམ། ནོར་འཛིན་པ་ཏྲའམ་ཙི་འགོ་པ་ཏྲ་གང་རུང་། དཀྱིལ་ནས་གཡས་གཡོན་ལ་རིམ་པ་ལྟར། རྒྱལ་སྲིད་སྣ་བདུན་མཚོན་པའི་རྒྱལ་པོའི་རྣ་ལོང་དང་། བཙུན་མོའི་རྣ་ལོང་། བློན་པོའི་རྣ་ལོང་། མི་ཡི་ནོར་བུ་མིག་གསུམ་མ། གླང་ཆེན་མཆེ་བ་ཆ་གཅིག།  རྟའི་ར་ཅོག། ༼བསེ་རུའི་ར་ཅོག་འབྲི་མཁན་ཡང་མང་།༽ བྱུ་རུ་རྗེ་མོ་ལོ་ཡག། ༼དམག་དཔོན་མཚོན་པ།༽ འཁོར་ལོ་བཅས་ཡོད།

    གདུང་མ་ལ་ལན་ཛའི་མ་ཎི་ཡིག་དྲུག་དང་། ནོར་འཛིན་པ་ཏྲ། བྱ་འབྲུག་ཁ་སྤྲོད། སྟག་སེང་ཁྱུང་འབྲུག། གཞན་ཡང་ཉ་མོ་དང་སྲམ། དུང་དང་ཆུ་སྲིན། སེང་གེ་དང་ཁྱུང་བཅས་མི་མཐུན་གཡུལ་རྒྱལ་སོགས་མཚོན་བྱེད་ཀྱི་རྣམ་གྲངས་གཞལ་མཐའ་བྲལ་ཡང་། བཟོ་རིག་གི་གཞུང་ལུགས་ལྟར། ལྷ་བཀོད་ལ་མདོ་རྒྱུད་ཀྱི་ལུགས་དང་ཞི་རྒྱས་དབང་དྲག་གི་རིགས། ཡུལ་བཀོད་ལ་ལོ་མའི་རིགས་གཉིས་དང་། ས་ཡི་ཀ་བཞི། ཤིང་གི་སྐྱེ་ལྔ། མེ་ཏོག་གི་སྣ་ལྔ། བྲག་གི་གྲུ་དྲུག། སྤྲིན་གྱི་འཁྲིགས་བདུན། ཆུ་ཡི་འཁྱིལ་བརྒྱད་སོགས་ཡོད་པ་ལ། ཞི་རྒྱས་དབང་དྲག་གི་ལས་བཞིའི་འགྲོ་ལུགས་དང་མཐུན་ཞིང་། འབྱུང་བཞིའི་མ་བུ་དགྲ་གྲོགས་ཀྱི་རྣམ་བཞག་དང་། གནམ་ས། ཕོ་མོ། ལྷ་ཀླུ་གཉན་གསུམ་གྱི་དབྱེ་བ་སོགས་མ་ནོར་བ་ཞིག་བྱ་དགོས་པ་ལས། རང་སྣང་གང་ཤར་གྱིས་ཅི་མཛེས་གང་མཛེས་དང་ཅི་རྫིག་གང་རྫིག། དཀར་ཁྲ་དམར་ཁྲ་ཞིག་བྱ་རྒྱུ་མེད་ངེས།

     མཆོད་སྒྲོམ་གྱི་དཀྱིལ་སྨད་དུ་མཆོད་པ་བཤམ་ཡུལ་གྱི་མཆོད་སྟེགས་དང་གྱང་རྩ་ལ་མཐོ་ཚད་སྟོང་ཆའི་སྨི་༡༥༠༠ཡས་མས་ཀྱི་རི་འགེལ་བཟོ།དེའི་ཐོག་ལ་རྒྱུ་གསེར་དང་དངུལ། ཟངས། ལི། རག་སོགས་ལས་བཟོས་པའི་བདུན་ཚར་ཆེ་ཆུང་ལ་ཡན་ལག་བརྒྱད་དང་ལྡན་པའི་ཡོན་ཆབ་དང་། མིག་ལ་མཛེས་པའི་མེ་ཏོག་དམར་སེར། བུམ་པ་རྨ་བྱའི་ཁ་རྒྱན་ཅན། གཏོར་མ་སོགས་གྲལ་བསྟར་སྒྲིག། དེའི་མདུན་གྱི་མཆོད་ཁྲིའི་ཐོག་ཏུ་རྒྱུན་པར་མར་མེ་ཚེ་འབར་མ་དང་། སྤོས་རྫའམ་སྤོས་ཕོར་ལས་ཤུག་པ་དང་ཙན་དན་སོགས་ཀྱི་དྲི་བསང་གི་མཆོད་སྤྲིན་རྒྱ་མཚོ་ལྷ་དང་མི་དགའ་བ་ཞིག་ཡོད་དོ།།



ཡོང་ཁུངས། ཁམས་པའི་འཛུམ་རིས།

རྩོམ་སྒྲིག་པ། བདེ་ཆེན།



阅读 30分享收藏赞在看