སྤྱི་ཚོགས་སྤྱོད་ཡིག(社会用字)སྒྱུར་སྐབས་ཡིད་གཟབ་བྱ་དགོས་པ་བཅུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-26   རྩོམ་ཁུངས།    མཚོ་སྔོན་པོ།

འདིར་མ་གཞི་བྱས་ན་སྤྱི་ཚོགས་སྤྱོད་ཡིག(社会用字)སྒྱུར་སྐབས་ཀྱི་བསམ་བློའི་སྒྲོམ་གཞི་ཞིག་བརྗོད་སྙམ་པ་ཞིག་བྱུང་མོད། རྐང་འདི་ལ་གཞི་ཚུགས་པ་གང་ཞིག་ལ་ནང་དོན་རེ་འགའ་ཡིག་སྒྱུར་སྤྱི་ལའང་འགྲོ་བའི་ཆ་ཞིག་ཡོད་བཟོ་འདུག་པས། གང་ལྟར་འབྲི་བའི་སྐུལ་སློང་ནི་སྤྱི་ཚོགས་སྤྱོད་ཡིག་གི་འཁྲུལ་ཆ་ལས་བྱུང་བ་ཡིན་དུས། སྤྱིའི་ཆ་ནས་སྤྱི་ཚོགས་སྤྱོད་ཡིག་སྒྱུར་སྐབས་ཀྱི་གནད་དོན་ཐད་ནས་བརྗོད་པ་ཡིན་པའི་བསམ་བློའི་འཁྱེར་བཟོ་ཞིག་གི་སྟེང་ནས་ན་གཞོན་ལོ་ཙཱ་བ་ཚོས་ལྟ་ཀློག་གནང་རོགས་ཞུའོ།

༡ ཡི་གེ་སྒྱུར་ནས་ཞབས་ཞུ་སྒྲུབ་ཡུལ་གྱི་ཁ་གཏད་སོམས་དགོས། དེ་ལྟར་ན། སྤྱི་ཚོགས་ལ་ཕྱོགས་པའི་སྤྱོད་ཡིག་ཅིག་གི་ཞབས་ཞུའི་ཁ་གཏད་ནང་དུ་ཤེས་ཡོན་གྱི་ཆུ་ཚད་མི་འདྲ་བའི་མི་མང་པོ་ཡོང་སྲིད་པས། སྒྱུར་པ་པོ་རང་ཉིད་ཤེས་ཡོན་ཅན་ཞིག་ཡིན་པའི་བསམ་ཚོད་ཁོ་ན་བློ་རུ་ངེས་པའམ།ཡང་ན་ལོ་ཙཱ་བའི་དཔུང་ཁག་གི་ཁོར་ཡུག་དེ་རང་མ་གཏོགས་མ་དྲན་པར། སྒྱུར་ཡིག་གི་ཚིག་མཁྲེགས་པོ་དང་སྐད་ཆ་གོ་དཀའ་མོ་དེ་རིགས་སྤྱོད་མི་རུང་། དེ་ལས་ལྡོག་ཏེ་བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་བལྟ་མཁན་ཕལ་ཆེ་བ་ནི་ཤེས་ཡོན་དེ་ཙམ་མེད་པའི་མང་ཚོགས་ཡིན་པས། ཡི་གེ་སྒྱུར་བའི་སྐབས་སུ“སྒྱུར་མཁན་དང་ཀློག་མཁན་གྱི་སྡོད་ས་བརྗེ་པོ་ཞིག་བརྒྱབ་ནས་ཀློག་པ་པོས་གོ་ཐུབ་མིན་གྱི་བསམ་གཞིག་ཅིག”བྱ་དགོས་པ་གོམས་གཤིས་སུ་འཇགས་དགོས། མདོར་ན་མང་ཚོགས་ཀྱི་གོ་བདེ་པོ་མཐོང་བ་ཙམ་གྱིས་དོན་རྟོགས་ཐུབ་པ་ཞིག་དགོས།

༢ སྤྱི་ཚོགས་སྤྱོད་ཡིག་གི་སྒྱུར་ཡིག“གོ་བདེ་པོ”ཞེས་པ་དེ་ཁ་སྐད་བཞིན་འབྲི་བ་མ་ཡིན་ལ། ཡུལ་སྐད་བཞིན་འབྲི་བ་ཡང་མ་ཡིན། ད་དུང་ལྷ་སའི་སྐད"རྒྱའུ"ལྟ་བུ་སྲང་ལམ་གྱི་སྐད་བཞིན་འབྲི་བ་ཡང་མ་ཡིན། དེ་བས་བོད་ཀྱི་རྩོམ་རིག་ལ་ཕོག་ཐུག་གཏོང་བའི་སྐད་ཆ་ཧ་ཅང་སླ་པོ་དེ་འདྲ་བཞིན་འབྲི་བའང་མ་ཡིན།  འོ་ན་གང་ལགས་ཤེ་ན། བོད་མིའི་སྐད་སྲོལ་ལ་ཡོད་ཅིང་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པའི་སྐད་ཆ་ཞིག་ཡིན་དགོས་པ་དེ་ཡིན། 

༣ ཡང་གོང་དུ་བཤད་པའི་མང་ཚོགས་ཀྱི་གོ་བདེ་པོ་ཞེས་པའི“མང་ཚོགས”དེ་བོད་མི་བྱིངས་ལ་གོ་དགོས་པ་ལས། རང་གི་ཕ་ཡུལ་གཅིག་པའི་ཨ་མདོ་བ་དང་། ཁམས་པ། གཙང་པ། ནག་ཆུ་བ་སོགས་སོ་སོའི་ཡུལ་གྱི་མང་ཚོགས་དེ་ཚོ་མ་ཡིན་ལ། རང་འཚོ་སྡོད་བྱེད་པའི་ས་ཆ་ཆུང་ངུ་དེའི་མི་རྣམས་ཀྱང་མ་ཡིན། དེས་ན། སྒྱུར་ཡིག་གི་སྐད་ཆ་ཡུལ་སྐད་མིན་ཞིང་དག་ཆ་འགྲིག་ལ་དོན་གོ་རྒྱུ་ཡོད་པའི་ཡིག་སྐད་ཤ་སྟག་གི་ཚིག་སྦྱོར་ཞིག་ཡིན་དགོས་ཀྱི་ཡོད་པས། ཚིག་སྦྱོར་དེ་འདྲ་བ་ཞིག་ཇི་ལྟར་ལྷུ་སྒྲིག་དགོས་པ་བསམ་གཞིག་བྱ་དགོས།

༤ སྦྱར་ཚིག་སྒྲིག་བཟོ་བྱེད་སྐབས་ཕྱིའི་རྣམ་པའི་མཛེས་ཆ་ལ་དམིགས་ནས། རྒྱ་ཡིག་ལ་ཡི་གེ་ག་ཚོད་ཡོད་པ་དེ་བཞིན་བོད་ཡིག་ལའང་གྲངས་ཀ་དེ་འདྲ་ཞིག་རང་དུ་བསྒྱུར་དགོས་པའི་བསམ་བློ་ལྐུགས་རྟགས་དེ་ཚོ་སྤོང་བྱ་ཡིན། གང་ལགས་ཤེ་ན། རྒྱ་བོད་སོ་སོའི་བརྡ་སྤྲོད་ལ་ཁྱད་པར་ཡོད་དུས། ཡིག་གྲངས་གཅིག་མཚུངས་ཀྱི་སྒྱུར་ཡིག་ཅིག་ཐོན་དཀའ་ཙམ་ཡིན་པ་ཤེས་དགོས། གལ་སྲིད་ཨ་ན་ཨུ་ཚུགས་ཀྱིས་གྲངས་ཀ་གཅིག་མཚུངས་ཤིག་བཟོས་པའི་དབང་དུ་བཏང་ན། ཕྱི་ལ་བཀྲམས་པའི་སྒྱུར་ཡིག་དེས་སྤོ་བོ་ལ་ཇུན་ཙེ་(裙子)གཡོགས་པ་ལྟ་བུའི་མིག་ལ་མི་མཛེས་ཤིང་དོན་ལ་གོ་རྒྱུ་མེད་པའི་སྣང་བ་ཁྱད་མཚར་ཞིག་སྤྲོད་བཞིན་ཡོད།

༥ རྒྱ་ཡིག་གི་གོ་རིམ་ཐོད་གཏུགས་ནས་བསྒྱུར་མི་རུང་། དེ་ལྟར་བསྒྱུར་བའི་སྒྱུར་ཡིག་ཕལ་ཆེ་བ་ལ་ལྟ་བཟོ་དེ་ཙམ་མེད། དེའི་མིང་ལ་རྒྱ་སྐད་བརྡ་སྤྲོད་ལས་བྲིས་པའི་བོད་སྐད་ཀྱི་སྒྱུར་ཡིན་ཁུལ་བྱས་པ་ཟེར། མདོར་ན་ཡིན་ཁུལ་བྱས་པ་ཙམ་ལས།རྒྱ་སྐད་ཀྱི་བརྡ་སྤྲོད་ལ་བསྟུན་ནས་བོད་སྐད་ཅིག་ཆགས་ཐབས་མེད། དེས་ན། བོད་ཀྱི་སྐད་ཆ་ཤོད་སྟངས་ལ་བལྟས་ནས། ཚིག་སྔ་ཕྱི་ལྡོག་པའམ་དེ་མིན་བོད་མིའི་སྐད་ལུགས་འགྲོ་སྟངས་ལ་གང་མཐུན་གྱིས་བསྒྱུར་དགོས་པ་ཤེས་དགོས་སོ། 

༦ རང་གི་སྒྱུར་ཡིག་དེར་གནད་ལ་འཁེལ་མིན་གྱི་ཐེ་ཚོམ་ཡོད་ཚེ། མི་གང་མང་ལ་སྐད་ཆ་འདྲི་དགོས་པ་ལས། ངོ་ཚ་དང་མཁས་ཉམས་སོགས་འདོན་དགོས་མེད། བསྡུར་བ་དང་གྲོས་བྱས་ན་སྒྱུར་ཡིག་ཡག་པོ་ཞིག་ཆགས་ཐུབ་ཀྱི་ཡོད། དེ་བས། སྒྱུར་པ་པོ་སོ་སོའི་སྐད་ཆ་ཤོད་སྟངས་དང་ཚིག་གི་སྦྱོར་སྟངས་མི་འདྲ་བའི་རྐྱེན་གྱིས་དོན་བརྡ་འཕྲོད་པ་གང་ཞིག་ལ་སྒྱུར་ལུགས་མི་འདྲ་བ་སྣ་ཚོགས་ཐོན་གྱི་ཡོད་པས། རང་གི་སྒྱུར་ཡིག་དེ་འགྲིག་པ་དང་།མི་གཞན་གྱི་འགྱུར་མ་མི་འགྲིག་པའི་སྐོར་མཁས་ཉམས་དང་བཅས་ཏེ་བཤད་ན་ཐལ་ཆ་ཆེ་བའི་སྐྱོན་ཡོད། 

༧ སྤྱི་ཚོགས་སྤྱོད་ཡིག་དེ་མྱ་ངན་ཞུ་རྒྱུར་སྤྱོད་རྒྱུ་མིན་ན་བོད་ཀྱི་ཡིག་མགོ་རྒྱག་དགོས་པ་དང་། གྲངས་ཀ་ཡིན་ན་བོད་ཀྱི་ཨང་ཀི་འབྲི་དགོས། རྒྱལ་སྤྱིའི་བརྡ་རྟགས(符号)མང་པོ་ཧ་ཅང་སྟབས་བདེ་པོ་དང་ཡག་པོ་ཡོད་པས་ཚུར་འདྲེན་ན་འགྲིག་རུང་།རང་ལ་ཡོད་པ་དེའང་གང་ཐུབ་ཀྱིས་སྤྱོད་དགོས་པའི་བསམ་བློ་ཞིག་ལྡན་ན། སྔར་ནས་ཡོད་པའི་རྒྱུ་དེ་གཞུག་གུ་མ་བུད་པར་གནས་པ་གང་ཞིག་ལ།གསར་དུའང་བྱུང་བའི་ཆ་ཡོད་པས་རིག་གནས་ཕུན་སུམ་ཇེ་ཚོགས་ཡིན། 

༨ རང་གི་བསྒྱུར་བའི་སྤྱི་ཚོགས་སྤྱོད་ཡིག་དེ་འགྲིག་ཡོད་མེད་བལྟ་དགོས་ཚེ། ཐོག་མར་སྒྱུར་པ་པོ་རང་སོ་སོའི་བསམ་བློའི་ནང་དུ་རྒྱ་ཡིག་ཕར་གཡུགས་ནས་བོད་ཡིག་མ་གཏོགས་མ་སྦྱར་ན།མི་རྣམས་ཀྱིས་རྒྱའི་མ་ཡིག་འདིའི་ནང་དོན་ཇི་བཞིན་ཧ་གོ་བ་འདུག་གམ་སྙམ་པའི་སོ་སོས་ཚོད་ལྟ་ཞིག་བྱ་དགོས།དེ་ལྟ་བུའི་བསམ་གཞིག་ཅིག་སླེབས་པའི་ཚེ་ན། སྐབས་རེ་རྒྱ་ཡིག་མཉམ་དུ་མེད་ན།སྒྱུར་པ་པོ་སོ་སོས་ཀྱང་བོད་ཡིག་གཅིག་པུའི་སྟེང་ནས་ནང་དོན་ཧ་མི་གོ་བའི་སྣང་བ་ཞིག་ཡོང་གི་ཡོད། དེ་དུས་སྒྱུར་ཡིག་ཡག་པོ་ཞིག་རྩ་བ་ནས་བྱུང་མེད་པའི་རྟགས་ཡིན་པས། ཡང་བསྐྱར་བསྒྱུར་དགོས།

༩ བརྡ་ཁྱབ་ལྟ་བུའི་སྤྱི་ཚོགས་སྤྱོད་ཡིག་གི་སྒྱུར་ལ་ཚོང་ལས་དང་འབྲེལ་བའི་ཆ་ཞིག་ཡོད་པར་བརྟེན། དོན་བརྡ་འཕྲོད་པ་དང་གོ་བདེ་བ་ཞིག་ཏུ་བསྒྱུར་བ་ཙམ་གྱིས་མི་འགྲིག་པར།འཛད་སྤྱོད་པ་ཡིད་འགུག་ཐུབ་པའི་དགོས་པ་ཞིག་ཡོད་དུས། ཚིག་སྦྱོར་ཐད་སྐབས་བབ་ཀྱི་སྒྱུ་རྩལ་ཆ་ཡང་ཅུང་ཙམ་འདོན་དགོས་ཀྱི་ཡོད་པ་ཡིད་ལ་ངེས་དགོས།

༡༠ སྒྱུར་ཡིག་གང་གི་ཀློག་པ་པོ་མང་ཤོས་ཡིན་ནམ་ཞེ་ན། སྤྱི་ཚོགས་སྤྱོད་ཡིག་འགྱུར་མའི་ཀློག་པ་པོ་མང་ཤོས་ཡིན། ཀློག་པ་པོ་ག་ཚོད་ཀྱི་མང་བ་ཡོད་ན། སྒྱུར་ཡིག་དེ་ལ་དེ་ཙམ་གྱི་རིན་ཐང་ཡང་ཆེ་བ་ཡོད། དེ་ལྟར་ན། ཀློག་པ་པོ་མང་ཤོས་ཡིན་པའི་སྒྱུར་ཡིག་དེར་སྣང་ཆུང་བྱས་ནས་ལྟ་ཉན་མེད་པ་ཞིག་བསྒྱུར་ནས་བཞག་ན། དེས་མི་མང་པོ་ཞིག་གི་སེམས་ཁམས་ལ་ཕོག་ཐུག་བཟོས་ནས་རིག་གནས་ཀྱི་གདེང་དྲོད་(文化自信)ཀྱང་ཉམས་ཏེ་སེམས་ཤུགས་ཟད་པའི་བག་ཆགས་ཧ་ཅང་ངན་པ་ཞིག་འཇོག་གི་ཡོད་པའང་ཤེས་དགོས་སོ། ཞོར་དུ་ཞུས་ན། ཐ་སྙད་སྤྱོད་སྐབས་གང་ཐུབ་ཅི་ཐུབ་ཀྱིས་གཞུང་ཕྱོགས་ཀྱི་བཀས་བཅད་ཐ་སྙད་སྤྱོད་དགོས།  བཀས་བཅད་ཐ་སྙད་ཀྱང་མིས་བཟོས་པ་ཡིན་དུས། མ་འདང་བའི་ཆ་ཅུང་ཟད་ཡོད་སྲིད་མོད། དེས་བོད་སྐད་ཡིག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྲོག་ཤིང་ལྟ་བུའི་ནུས་པ་ཞིག་ཐོན་གྱི་ཡོད་པའང་མིག་མཐོང་ལག་ཟིན་ཡིན་པ་དེ་དྲན་དགོས།

 

   ད་དུང་སྤྱི་ཚོགས་སྤྱོད་ཡིག་གི་སྒྱུར་སྟངས་ལ་ཞིབ་ཕྲའི་དོ་སྣང་བྱ་རྒྱུ་མང་པོ་འདུག་པས་ཁོམ་པ་བྱུང་ན་གང་ཐུབ་ཀྱིས་ཞུ་རྒྱུ་ཡིན་པ་དང་བཅས། གོང་གི་སྐད་ཆ་དག་ལ་ཀྱང་སྙིགས་དོར་བཅུད་ལེན་གནང་རོགས་ཞེས་ཞུའོ།  



རིན་སྤུངས་ཉི་མ་དོན་གྲུབ་ནས།