ཡར་ཉང་འདམ་རའི་གནའ་དེང་གཉིས་ཀྱི་འཕོ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-25   རྩོམ་ཁུངས།   

ཡར་ཉང་རྒྱལ་ཁབ་འདམ་ར་སྤྱི་གླིང་ནི་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་འབྲེལ་མཚམས་སུ་གནས་ཤིང་། འདམ་རའི་སྤྱི་གླིང་གི་ཆུ་ངོས་མཚོ་འཕགས་སྨི་2920ཟིན་ཡོད། ད་ལྟའི་ཡར་ཉང་འདམ་རར་ཆུ་མོའི་རྦ་རླབས་ཆལ་ཆིལ་དུ་གཡོ་ཞིང་། འདབ་ཆགས་ཀྱི་གསུང་སྐད་ལྷང་ལྷང་དུ་སྒྲོག་བཞིན་ཡོད། མིག་སྔར་སྔོ་ལྗང་ལོ་འདབ་རྒྱས་བཞིན་གང་སར་གསོན་ཤུགས་ཀྱིས་ཁེངས་པའི་འདམ་ར་ཉིད་སྔོན་མ་མིང་དུ་གྲགས་པའི་ཐང་རྒོད་ཅིག་ཡིན་པ་སུ་ཡིས་བློ་ལ་འཆར་རམ། 


     ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཆོས་འཁོར་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་ཆའོ་ཡིས་གསར་འགོད་པར། སྔོན་མ་གནས་དེ་ནི་ཐང་རྒོད་ཅིག་ཡིན་ཞིང་། བྱེ་རླུང་ལྡང་བའི་ནམ་དུས་སུ་མིག་ཀྱང་གདངས་མི་ཐུབ་པའི་ཁར། ཁའི་ནང་དུ་བྱེ་མས་ཁེངས་ཀྱི་ཡོད། སྐབས་དེ་དུས། རང་བྱུང་དང་མིའི་གནོད་འཚེ་སོགས་ཀྱི་རྐྱེན་པས་གནས་དེའི་རྩྭ་རྩི་ཤིང་ཉུང་དུ་སོང་ཞིང་། བྱེ་འགྱུར་ཤུགས་ཆེན་ཐེབས་ནས་ས་གནས་དེ་གའི་གྲོང་མིའི་ཐོན་སྐྱེད་འཚོ་བར་ཡང་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད་ཅེས་གསུངས་ཡོད།


     སྤྱི་ལོ་2009ལོར་འདམ་རའི་སྤྱི་གླིང་འཛུགས་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཚུན། ཡར་ཉང་འདམ་རའི་འབྱུང་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་འགོ་ཚུགས་པ་དང་།  སྤྱི་ལོ་2016ལོར་ཡར་ཉང་རྒྱལ་ཁབ་འདམ་ར་སྤྱི་གླིང་དོ་དམ་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་རྗེས། མིག་སྔའི་བར་རིམ་རྩིས་བྱས་ནས་སྒོར་བྱེ་བ་གསུམ་ཙམ་བཏང་ནས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་བཞི་ལག་ལེན་བསྟར་བས་ཡར་ཉང་འདམ་ར་ད་གཟོད་གཞི་ནས་ཉམས་གསོ་ཐུབ་པས་མ་ཚད་འབྱུང་ཁམས་ཁོར་ཡུག་ལའང་ལེགས་བཅོས་ཆེན་པོ་བྱུང་ཡོད། 

     སྤྱི་ལོ་2021ལོའི་ཚུན། ཉིང་ཁྲི་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་ཚན་པས་བོད་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བླང་བྱ་ལྟར། འདམ་རའི་འབྱུང་ཁམས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཕྱོགས་ཡོངས་ནས་ཐོན་ཁུངས་ཀྱི་མ་མཐའི་གཞི་གྲངས་གསལ་རྟོགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྲུང་སྐྱོབ་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གཞན་ད་དུང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་། བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་བར་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་དེ་ཁོང་ཚོའི་ཤེས་ལྡན་མི་སྣ་དང་ལག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཡར་ཉང་འདམ་རའི་ནང་ཁོངས་ཀྱི་རྩྭ་རྩི་ཤིང་དང་། འདབ་ཆགས་ཀྱི་རིགས། འབུ་སྲིན་གྱི་རིགས་སོགས་འགག་རྩའི་འབྱུང་ཁམས་ཁོར་ཡུག་གི་སྟོན་གྲངས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་ཡོད།

     སྤྱི་ལོ་2022ལོའི་ཟླ་7ཚེས་21ཉིན།  བོད་ལྗོངས་ཡར་ཉང་འདམ་རའི་འབྱུང་ཁམས་མ་ལག་གི་རྒྱལ་ཁབ་གནས་ཚད་ལྟ་ཞིབ་ཞིབ་འཇུག་ས་ཚིགས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་དང་། དེའི་ཐོག་ནས་ཡར་ཉང་འདམ་རར་ཚན་ཞིབ་བྱེད་པའི་གོམ་སྟབས་སྒོ་ཀུན་ནས་མགྱོགས་སུ་སོང་བ་དང་། ཡར་ཉང་འདམ་ར་སྤྱི་གླིང་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་བྱེད་པ་དང་། བེད་སྤྱོད་ལུགས་མཐུན་བྱེད་པ། སྒོ་ཀུན་ནས་གོང་འཕེལ་གཏོང་བ་སོགས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།  མིག་སྔའི་ཆར། འདམ་རའི་ནང་ཁོངས་ནས་ལྟ་ཞིབ་ཚད་ལེན་ཐུབ་པའི་འདབ་ཆགས་ཀྱི་རིགས་57དང་། དོང་བུའི་རྩི་ཤིང་རིགས་64  འབུ་སྲིན་གྱི་རིགས་154བཅས་ཟིན་ཡོད།