ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་ཁུལ་ལ་གཟིཊ་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-21   རྩོམ་ཁུངས།    中国藏语广播CNR

        སྐབས་འདིའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་14000ཟིན་པ་དང་། རྒྱལ་ཁབ་16འགྲེམས་ཚོགས་ནང་ཞུགས་པ་དང་འབྲེལ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་600ལྷག་ཙམ་གྱིས་ཐོན་རྫས་རིགས་ཁྲི་ཙམ་འཁྱེར་ནས་འགྲེམས་འཚོང་ནང་ཞུགས་ཡོད་ཅིང་། བོད་ལྗོངས་ཀྱི་ཁྱད་ལྡན་རྩེར་སོན་འགྲེམས་ཁུལ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་དག་འགྲེམས་ཁུལ། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་རྫས་འགྲེམས་ཁུལ། རྒྱལ་སྤྱིའི་རྩེར་སོན་འགྲེམས་ཁུལ་སོགས་འགྲེམས་ཁུལ་9ལ་འགྲེམས་གནས་253བཙུགས་ཡོད་པ་རེད། དཀར་ཡོལ་དང་། ཐང་ག་སོགས་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་ཟབ་མོ་ལྡན་པ་དང་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲེམས་རྫས་ལ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

        བོད་ལྗོངས་འགྲེམས་ཚོགས་ཐོག་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲེམས་དངོས་ལ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་དོན་གང་ཡིན་ཟེར་ན། དེའི་ཐོག་ནས་མི་རྣམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་དང་རྒྱུན་འཛིན་བྱེད་སྟངས་ཤེས་རྟོགས་དང་རྒྱུས་མངའ་དེ་བས་ཡག་པོ་ཡོང་ཐུབ་པས་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲེམས་རྫས་ལ་བོད་ལྗོངས་འགྲེམས་ཚོགས་ཐོག་དོ་ཁུར་ཆེན་པོ་ཐོབ་པའི་རྒྱུ་རྐྱེན་གཅིག་ནི། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་དཔེར་ན། བོད་རིགས་ཀྱི་ཐང་ག་དང་། འཚེམ་དྲུབ། འཇིམ་བརྙན་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས་བཅས་ཀྱི་རྒྱབ་ལྗོངས་བརྒྱུད་བསྒྲགས་བྱེད་ཐུབ་པས་ལོ་རྒྱུས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པས་ཡིན་པ་དང་། གཉིས་ནི། འགྲེམས་དངོས་དེ་དག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པས་ཡིན་པ། གསུམ་ནི། འགྲེམས་དངོས་དེ་དག་ལ་སྒྱུ་རྩལ་གྱི་མཛེས་དཔྱོད་རིན་ཐང་ཆེན་པོ་ལྡན་ཡོད་པས་མི་རྣམས་ནས་སྒྱུ་རྩལ་གྱི་མཛེས་དཔྱོད་མྱོང་ཚོར་ཐུབ་པ་དང་ཆབས་ཅིག་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྒྱུ་རྩལ་རིན་ཐང་ཤེས་རྟོགས་དང་རྒྱུས་མངའ་དེ་བས་ལེགས་པ་ཐུབ་ཀྱི་ཡོད་པས་ཡིན་པ་རེད།

        ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཐོག་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲེམས་རྫས་མང་པོ་ཡོད་པའི་ནང་ཐང་ག་དང་། འཚེམ་དྲུབ། འཇིམ་བཟོ། དངུལ་ཆས། སྤོས། བོད་སྨན་སོགས་ཚུད་ཡོད་ཅིང་། འགྲེམས་དངོས་དེ་དག་ལས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྣ་མང་རང་བཞིན་དང་དམིགས་བསལ་རང་བཞིན་མངོན་པ་མ་ཟད། གཟིགས་མོ་བ་མང་པོའི་དོ་ཁུར་དང་མྱོང་རོལ་ཡང་ཐོབ་ཡོད་པ་རེད།

        སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས་མི་རྣམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དང་རྒྱུས་མངའ་ཡོང་བའི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད་ལ་འགྲེམས་དངོས་དེ་དག་འགྲེམས་སྟོན་དང་སྤེལ་རེས་བྱས་པ་བརྒྱུད་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐུབ་པ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་ཐེབས་ཡོད་པ་རེད།