བློ་བཟང་བཀྲ་ཤིས་ཀྱི་ཕྱུག་འགྱུར་ལམ་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        བློ་བཟང་བཀྲ་ཤིས་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་ལྟེ་བའི་གྲོང་ཚོ་ཏིང་ཁྲུན་གྲོང་མི་ཚོ་ཆུང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ཞིང་།ཁོང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཆང་བསྙལ་བ་དང་།  བོད་ཕག་གསོ་རྒྱུ་ཟུང་འབྲེལ་བྱས་ནས་ཁྱད་ལྡན་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།

        ས་བབ་མཐོ་བའི་ས་ཁུལ་དུ་ས་གནས་དེ་གའི་མང་ཚོགས་ཚང་མར་ཆང་རག་བཏུངས་ནས་གྲང་ངར་འགོག་པའི་གོམས་གཤིས་ཡོད་པ་རེད། གཏེར་མ་རོང་ཤང་དུ་ནས་འདེབས་པའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བློ་བཟང་བཀྲ་ཤིས་ཀྱིས་ནང་མི་དང་མཉམ་དུ་ཨ་རག་བསྙལ་བའི་སྐོར་སློབ་སྦྱོང་བྱེད་པའི་གྲོས་བསྡུར་བྱས་ཤིང་ཟླ་གཅིག་གི་དུས་ཚོད་བཀོལ་ནས་ཆང་བསྙལ་བའི་ལག་རྩལ་ཁོང་དུ་ཆུད་པ་རེད།

        2004ལོར་བློ་བཟང་བཀྲ་ཤིས་ཀྱིས་རང་ཁྱིམ་དུ་སྲོལ་རྒྱུན་གྱི་ཆང་བསྙལ་ཁང་ཞིག་བཙུགས་ནས་ནང་མི་ཚང་མས་ཆང་བསྙལ་ཞོར་དུ་སློབ་སྦྱོང་བྱེད་པ་དང་ལེགས་བཅོས་ཟམ་མི་ཆད་པ་བྱས་པས་རིམ་བཞིན་ཆང་གི་སྤུས་ཀ་ཇེ་ལེགས་སུ་ཕྱིན་ཡོད། བློ་བཟང་བཀྲ་ཤིས་རང་ཉིད་ཀྱིས་བསྙལ་བའི་ནས་ཆང་ལ་ཚེ་གཡང་ནས་ཆང་ཞེས་པའི་མིང་ཡང་བཏགས། དང་ཐོག་གྲོང་ཚོ་དང་དུད་ཚང་རེ་རེས་ཉོས་པ་དང་།  རྗེས་སུ་སྐུ་མགྲོན་གཅིག་གིས་གཅིག་ལ་བཤད་ནས་ཚེ་གཡང་ནས་ཆང་གི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་རེད།  2012ལོར་ཚེ་གཡང་ནས་ཆང་གི་ཐོན་ཚད་ཉིན་རེར་རྒྱ་མ་140ཟིན་ཡོད།

        བློ་བཟང་བཀྲ་ཤིས་ཀྱིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཤིང་འདི་ལྟར་བསྙལ་རྗེས་ཀྱི་ཨ་རག་གི་སྤུས་ཀ་དག་པ་དང་། དྲི་ཞིམ་པས་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཟེར།

        “དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་པར་དུས་ཡུན་འགོར་ཞིང་སེམས་ཤུགས་མང་པོ་བཀོལ་དགོས་པས་ཁྱབ་ཁོངས་ཆུང་ངུའི་ནང་འཚོང་རྒྱུ་ལས་མེད། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་སྔར་བས་ལེགས་སུ་ཕྱིན་པ་དང་། གྲོང་ཚོའི་ནང་དུའང་གཞུང་ལམ་ཤར་གཏོང་བྱས་ནས་གཞུང་ལམ་སྔར་བས་རྒྱ་ཆེ་རུ་ཕྱིན་ལ། དྲ་བ་ཡང་གྲོང་གསེབ་ཏུ་ཁྱོན་ཡོངས་ལ་ཁྱབ་ཡོད། སྐུ་མགྲོན་གྱིས་དྲ་ཐོག་ནས་མངགས་ཉོ་བྱས་པ་བཅས་ཀྱི་དབང་གིས་ང་ཚོས་འཕྲལ་དུ་མྱུར་སྐྱེལ་བསྐུར་ཐུབ་ལ་ས་ཆ་གཞན་གྱི་འགྲུལ་ཁུངས་ཀྱང་ཇེ་མང་དུ་འགྲོ་གི་ཡོད”ཅེས་བློ་བཟང་བཀྲ་ཤིས་ཀྱིས་འདི་ལྟར་བཤད་བྱུང་།2022ལོར་དྲ་ཐོག་དང་ཐབས་ལམ་གཞན་དག་བརྒྱུད་དེ་ཚེ་གཡང་ནས་ཆང་ཁྱོན་རྒྱ་མ་ཁྲི་4ལྷག་ཙམ་བཙོང་ཚར་བ་རེད།

        ཆང་བསྙལ་ཁང་རྒྱུན་གཏན་གྱི་ལམ་བུའི་ཐོག་བསྐྱོད་ཅིང་ཆང་བསྙལ་བ་དང་ཆབས་ཅིག་བློ་བཟང་བཀྲ་ཤིས་ཀྱིས་གཟན་ཆག་བྱིན་ནས་བོད་ཕག་གསོ་སྤེལ་བྱ་རྒྱུའི་ཐག་བཅད་པ་རེད།2012ལོར་བློ་བཟང་བཀྲ་ཤིས་ཀྱིས་བོད་ཕག་གསོ་སྤེལ་དང་ནས་འདེབས་འཛུགས་ཞིང་པའི་མཉམ་ལས་ཁང་བཙུགས་ཤིང་།“མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་གྲོང་མིའི་ལག་ནས་བོད་ཕག་ཉོ་བ་ནས་གཅིག་སྡུད་གསོ་སྤེལ་བྱས་ཏེ་བརྒྱུད་ལམ་མང་ཤོས་ནས་ཚོང་བྲིན་པའི་འགན་ལེན་བྱས་པ་རེད།

        2022ལོར་མཉམ་ལས་ཁང་གིས་ཁྱོན་སོན་ཕག་50ལྷག་ཙམ་དང་ནས་རྒྱ་མ་ཁྲི་2ལྷག་ཙམ་ཉོས་ནས་ས་གནས་དེ་གའི་དུད་ཚང་90ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

        བློ་བཟང་བཀྲ་ཤིས་ལ་བསམ་འདུན་ཞིག་ཡོད་པ་ནི“ཆང་བསྙལ་བ་དང་བོད་ཕག་གསོ་བའི”ཐོན་ལས་དར་རྒྱས་གོང་འཕེལ་བཏང་ནས་ཕ་ཡུལ་གྱི་མང་ཚོགས་ཚང་མས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད།