སེམས་ཀྱི་ཉི་ཟླས་བདེ་ཐང་འཚོ་བའི་ཁོར་ཡུག་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཐང་རྫོང་གྲོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་བདེ་ཐང་གི་འདུ་ཤེས་དེ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་མཉམ་འདྲེས་ཐུབ་པ་བྱས་ནས་བདེ་ཐང་གི་འཚོ་བའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དེ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ་རེད།

        གྲོང་ཁུལ་དུ་སྐྱོད་སྐབས་མི་འགྲོ་སའི་ལམ་གྱི་གཡས་གཡོན་དུ་ལྗོན་ཤིང་སྔོ་ཐིང་ཐིང་དུ་སྐྱེས་ཤིང་། གང་སར་མཐོང་རྒྱུ་ཡོད་པའི་སྔོ་ལྗང་ཁུལ་དུ་ལྗོན་ཤིང་སྣ་ཚོགས་སྐྱེས་ཡོད་ལ། ཆེ་ཆུང་མི་འདྲ་བའི་སྤྱི་གླིང་གིས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ལ་མཛེས་རྒྱན་སྤྲས་ཀྱི་ཡོད། དེ་དག་ཚང་མའི་ཐོག་ནས་ད་ཆའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་“རྣམ་པ་གསར་པ་བརྗེ་བ་དང་གྱོན་གོས་གསར་པ་གྱོན་པ་”དེ་མི་རྣམས་ཀྱིས་དགའ་སྤྲོའི་ངང་མཐོང་ཐུབ། མིག་མཐོང་ལག་ཟིན་ཐུབ་པ་དང་ལོངས་སྤྱོད་ཐུབ་པའི་གྲོང་ཁྱེར་གྱི་འགྱུར་ལྡོག་དེ་དག་གིས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

        མཐོ་སར་སྐུལ་འདེད་གཏོང་ནས་བདེ་ཐང་རྫོང་མཁར་ལས་ཀའི་རྣམ་པ་འཛུགས་པ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཐང་རྫོང་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་དང་དེ་བཞིན་ཆེད་དོན་བྱ་སྤྱོད་ཇུས་གཞི་བཏོན་ནས་རྒྱལ་གཅེས་འཕྲོད་བསྟེན་གྱི་“ཆེད་དོན་བྱ་སྤྱོད་7” ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ་སེམས་ཀྱི་ཉི་ཟླ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གཉིས་ཀྱི་གོ་གནས་མཐོ་བའི་བཀོད་འདོམས་མ་ལག་དང་འཁོར་སྐྱོད་ནུས་ཆེའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་ཏེ་་“སྔོ་ལྗང་གྲོང་ཁྱེར་”གྱི་བྱ་སྤྱོད་ཆེད་དོན་ཚོགས་ཆུང་སོགས་ལས་དོན་ཚོགས་ཆུང་10བཀོད་སྒྲིག་བྱས་པ་རེད།  “ཉིན་གཅིག་དམར་འདོན་བྱ་རྒྱུ”རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་རིམ་པའི་སྨྱན་སྦྱོར་ཚན་པར་“དམར་འདོན་སྟེགས་བུ་”བཙུགས་ཡོད་དང་དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྡེ་ཚན་གྱིས་གྲོང་ཁུལ་གྱི་དྲ་མིག་70ཐུན་མོང་ཐོག་འགན་འཁུར་བ་དང་། ཁག་བགོས་ནས་གྲོང་ཁུལ་གྱི་ཁུལ་ཆུང་173ལ་མཐུད་སྦྲེལ་བྱས་ཡོད།

        དམིགས་ཚད་ལ་སྐུལ་འདེད་བཏང་ནས་བདེ་ཐང་རྫོང་གྲོང་ལ་ཕན་འབྲས་ཐོན་པ།

        བདེ་ཐང་རྫོང་གྲོང་འཛུགས་སྐྲུན་བྱེད་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཐང་རྫོང་གྲོང་འཛུགས་སྐྲུན་གྱི་“ལྗང་མདོག་གྲོང་ཁྱེར་དང་། སྦགས་བཙོག་བཅོས་སྐྱོང་། གནོད་འཚེ་བཞི་སེལ་བ། ཟས་འཐུང་བློ་བདེ་བ། སྦྱོང་བརྡར་ལ་བརྩོན་པ། དལ་ནད་དོ་དམ། ཁྱིམ་ཚང་བདེ་ཐང་”བཅས་ཀྱི་ཆེད་དོན་བྱ་སྤྱོད་7གྱི་བླང་བྱ་གཞིར་བཟུང་ནས་གྲོང་ཁྱེར་གྱི་“འཚོ་བ་གསར་པ་”མཉམ་སྐྲུན་མཉམ་སྤྱོད་བྱས་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཐང་རྫོང་གྲོང་འཛུགས་སྐྲུན་གྱི་“ཆེད་དོན་བྱ་སྤྱོད་7”གསར་པར་སྐུལ་འདེད་ཤུགས་ཆེན་བཏང་བས་གྲངས་གཞིའི་གདེང་འཇོག་དམིགས་ཚད་ཁག་67གྱི་དམིགས་ཚད་51ལོན་པ་དེ་2022་ལོའི་ལོ་མཇུག་དང་བསྡུར་ན་རྣམ་གྲངས་9མང་དུ་ཕྱིན་ཡོད་པ་རེད།

        དམངས་ཡོངས་ཀྱིས་གསར་གཏོད་བྱས་ནས་ཁོར་ཡུག་སྐྲུན་པར་ཤུགས་བསྣན་པ།

        བདེ་ཐང་རྫོང་གྲོང་གཏོད་པའི་བརྒྱུད་རིམ་ནང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལྟ་སྐུལ་གྱི་ཐབས་ལམ་ཤར་གཏོང་དང་དྲིལ་བསྒྲགས་སྐུལ་སློང་རྒྱ་ཁྱབ་བྱས་པ་བརྒྱུད་གྲོང་མི་ཞུགས་ཚད་དང་ཤེས་རྟོགས་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། སྡེ་ཚན་9དང་ཤང་གྲོང་11གི་རྒྱལ་གཅེས་འཕྲོད་བསྟེན་གསར་གཏོད་སྲུང་སྐྱོང་མང་ཚོགས་ཀྱི་གྲོས་འགོ་དང་ཞུ་གཏུག་ལས་སྟེགས་བཙུགས་ནས་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ནན་ཏན་གྱིས་ཟིན་ཐོ་ལེགས་སྒྲིག་དང་མཐུན་སྦྱོར་ཐག་གཅོད་བྱས་པ། གྲོང་ཁུལ་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་50ཡིས་འོས་འགན་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྐད་འཕྲིན་ཚོགས་པའི་ཐོག་ཤེས་རྟོགས་བྱུང་བའི་གནད་དོན་ལྡོག་འདྲེན་བྱས་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆེད་དོན་གཞུང་ལས་ཁང་གིས་གཅིག་གྱུར་ཐོག་བསྒྲུབ་རྒྱུར་རྩིས་སྤྲད་དེ་ཚུར་ལན་བྱས་པ་རེད། བདེ་ཐང་རྫོང་གྲོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གྱི་ཁོར་ཡུག་གསར་འཛུགས་བྱེད་པའི་འབྲེལ་ཡོད་ཡིག་ཆ་གཤམ་སྤེལ་བྱས་ནས་ལས་རིགས་ཁག་དང་སྡེ་ཚན་ཁག། ཤང་གྲོང་ཁག་ལ་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་སྲིད་ཇུས་འགྲེལ་བཤད། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་བདེ་ཐང་རྫོང་གྲོང་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་འགན་གཙོ་བོ་དང་དོན་སྙིང་གལ་ཆེན་སོགས་དྲིལ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ། ཆབས་ཅིག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པ་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཤང་གྲོང་གཏོད་ཤུགས་ཆེ་རུ་བཏང་ནས་གཏོད་པའི་ལས་དོན་ཁྲོད་གྲུབ་འབྲས་ཐོབ་ཡོད་པ་རེད།