《བོད་ཡིག་ཆ་འཕྲིན་ཞིབ་འཇུག་དབྱངས་གསལ་མཛེས་རྒྱན》ཞེས་པའི་དུས་དེབ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-09   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས《བོད་ཡིག་ཆ་འཕྲིན་ཞིབ་འཇུག་དབྱངས་གསལ་མཛེས་རྒྱན》ཞེས་པའི་དུས་དེབ་པར་སྐྲུན་འགྲེམ་སྤེལ་བྱས།

        《བོད་ཡིག་ཆ་འཕྲིན་ཞིབ་འཇུག་དབྱངས་གསལ་མཛེས་རྒྱན》ཞེས་པའི་དེབ་འདི་ཉིད་ནི། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཁྲི་ཤར་བསོད་ནམས་ཚེ་རིང་ལགས་ཀྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཕྱོགས་ཡོངས་ལ་འཚོལ་སྙེག་དང་ཞིབ་འཇུག་བགྱིས་པ་དང་། ལོ་མང་རིང་སློབ་ཁྲིད་སློབ་གསོ་དང་རིག་གཞུང་ཞིབ་འཇུག་གི་བགྱི་བ་དང་དུ་བླངས་པའི་རིག་གཞུང་དཔྱད་འབྲས་ཁག་ཅིག་ཁོལ་དུ་ཕྱུང་པའི་གྲུབ་དོན་ཡིན། བོད་ཡིག་ཆ་འཕྲིན་ལག་རྩལ་ནི་རིག་ཚན་བསྣོལ་མའི་ཁོངས་སུ་གཏོགས་ཤིང་། དེ་ནི་སྐད་བརྡ་རིག་པ་དང་། གྲངས་རིག་པ། རྩིས་འཁོར་རིག་པ་བཅས་རིག་ཚན་སྣ་མང་འདུས་པའི་གསར་དར་རིག་ཚན་ཞིག་ཡིན་ཏེ།  རྒྱལ་ཁབ་ཀྱི་རིག་ཚན་དབྱེ་སྒོ་ལྟར་ན། གཅིག་ནས་རང་བྱུང་ཚན་རིག་གི་རྩིས་འཁོར་ཁྱབ་ཁོངས་ཀྱི་མིའི་བཟོས་རིག་སྟོབས་ཡན་ལག་ལས་རང་བྱུང་སྐད་བརྡའི་ལོ་ཙཱར་གཏོགས་ཤིང་། གཉིས་ནས་སྤྱི་ཚོགས་ཚན་རིག་གི་སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པའི་ཉེར་སྤྱོད་ཀྱི་ཡན་ལག་སྟེ་རྩིས་འཁོར་སྐད་བརྡ་རིག་པའི་ཁོངས་སུ་གཏོགས། ཆེད་ལས་འདི་ནི་ཆ་འཕྲིན་དུས་རབས་སུ་སྒྲོག་པའི་དེང་གི་དུས་འདིར། བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་དང་བཀོལ་སྤྱོད་ཐད་མེད་དུ་མི་རུང་ཞིང་ཁ་ཚ་དགོས་གཏུགས་སུ་གྱུར་པའི་རིག་ཚན་གསར་པ་ཞིག་ཡིན།

        བོད་ཡིག་ཆ་འཕྲིན་ལག་རྩལ་ལ་མཚོན་ན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་དབུ་བརྙེས་པ་ཡིན་ལ། དུས་ད་ལྟའི་བར་རྒྱལ་ནང་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཕྱོགས་སུ་འཇུག་པའི་སློབ་ཆེན་ལ་ནུབ་བྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་དང་། གཞན་ཡང་ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཟུར་འབྲེལ་པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་སོགས་ཡོད་ཅིང་། འདི་དག་གིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སློབ་ཁྲིད་སློབ་གསོ་དང་རིག་ཚན་འཛུགས་སྐྱོང་། མཐོ་རིམ་ཤེས་ལྡན་མི་སྣ་སྐྱེད་སྲིང་། ཚན་རིག་ཞིབ་འཇུག་བཅས་ཀྱི་ཐད་གྲུབ་འབྲས་རབ་དང་རིམ་པ་བླངས་ཤིང་ཀུན་གྱི་མཐོང་ལམ་དང་སྤྱོད་ཡུལ་དུ་བསྟར་ཡོད་པ་དཔེར་ན། བོད་ཡིག་གི་རྒྱལ་སྤྱིའི་ཨང་བཀོད་དང་། གཏག་ཐབས་སྣ་ཚོགས། དྲ་བ་སྣ་ཚོགས།  ཡོངས་འཛིན་འཚོལ་བཤེར་མ་ལག  འཕྲུལ་ཆས་ཡིག་སྒྱུར། བོད་ཡིག་གཟུགས་རིས་ངོས་འཛིན། སྐད་གདངས་འདྲེས་སྦྱོར་དང་སྐད་གདངས་ངོས་འཛིན། ཡིག་མཛོད་དང་རིག་མཛོད་སྣ་ཚོགས། མིང་ཚིག་ཡི་གེའི་ཚོགས་གསུམ་ཞིབ་འབྲི་དང་གྲངས་འཇལ་བཅས་ལ་ཕྱོགས་སོ་སོ་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད།

        ཡིན་ནའང་། རིག་ཚན་འདི་ད་དུང་རང་རེའི་ཕ་སྐད་སྨྲ་བའི་སྡེར་ཁྱབ་རྒྱ་ཤིན་ཏུ་ཆུང་བ་དང་། ཀུན་ལ་མཁོ་ཆེ་ཡང་ཀུན་གྱིས་དང་ལེན་དང་དོ་སྣང་ཆེར་མེད་པའི་གནས་སུ་ལུས་འདུག་པས། རིག་གཞུང་ཞིབ་འཇུག་གཞིར་བྱས་རིག་ཚན་ནང་འདྲེན་དང་རིག་ཚན་སྣེ་སྐྱོང་། རིགས་གཞུང་ཁྱབ་སྤེལ་གྱི་ལས་ཀའང་ཀུན་ཏུ་རབ་ཏུ་གལ་ཆེ་བར་མཐོང་། དེབ་འདི་ཉིད་ལ་མཚོན་ན། ལེའུ་བཅུ་ཡི་བདག་ཉིད་ཅན་གྱིས་གྲུབ་པ་ཞིག་ཡིན་ལ། དེར་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རིམ་ལོ་རྒྱུས་དང་གནས་བབ། མིང་གི་དབྱེ་བ། མིང་བརྡའི་དབྱེ་ཞིབ། ཚིག་ཕྲད་ཀྱི་སྐོར། བོད་སྐད་རྩིས་འཁོར་སྐད་བརྡ་རིག་པ། ཡིག་མཛོད་སྐད་བརྡ་རིག་པ། བོད་ཡིག་མཉེན་ཆས་དང་བོད་ཡིག་དྲ་ཚིགས། བརྡ་དོན་བྱེད་ནུས་དང་རིག་མཛོད་ལས་སྒྲུབ་བཅས་ལ་ཕྱོགས་ཡོངས་ནས་ལག་ལེན་ལས་ཐོན་པའི་དཔྱད་པ་ནན་ཞིབ་ཏུ་བཏང་ཡོད། དེབ་འདི་ཉིད་ནི་ཞིབ་འཇུག་གི་ཐབས་ལམ་གསར་པ་བེད་སྤྱོད་གནང་སྟེ་རྒྱལ་ཁབ་ཕྱི་ནང་གི་རྩིས་འཁོར་སྐད་བརྡ་རིག་པའི་དཔྱད་འབྲས་གསར་བས་ཟུར་བརྒྱན། མི་དང་རྩིས་འཁོར་བར་གྱི་འབྲེལ་འདྲིས་སྐད་ཆར་དབྱེ་ཞིབ་བགྱིས་པའི་བོད་ཡིག་གི་ལམ་ནས་བྲིས་པའི་རིག་གཞུང་བརྩམས་ཆོས་གལ་ཆེན་ཞིག་ཡིན་ཙ་ན།  གཞུང་ལུགས་ཐབས་ལམ་གྱི་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་། དུས་རབས་ཀྱི་རིན་ཐང་མི་དམན་པ་ཞིག་ཡོད་པ་ནི་སྨོས་མ་དགོས་ལ། ལྷག་དོན་བོད་ཡིག་ཆ་འཕྲིན་དང་། སྐད་བརྡ་རིག་པའི་ཕྱོགས་ལ་འཇུག་མཁན་གྱི་ལས་དང་པོ་བ་རྣམས་དང་། དུས་མཚུངས་སུ་བོད་སྐད་ཡིག་གི་བྱ་བ་སྒྲུབ་མཁན་དང་། མཐོ་རིམ་སློབ་གླིང་ཁག་གི་དགེ་སློབ་རྣམས་ལ་ཟུར་ལྟའི་དཔྱད་གཞིའི་རིན་ཐང་མི་དམན་པ་ཞིག་བསྐྲུན་ཡོད་པས། དེབ་འདི་ཉིད་པར་སྐྲུན་བགྱིས་པ་ལ་དགེ་མཚན་བླ་ལྷག་ལྡན་པའོ། །