མཛོད་དགེ་རྫོང་གིས་ཁྲིམས་ལུགས་ཤེས་བྱ་འབྲོག་ཁུལ་དུ་བསྐྱལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-08   རྩོམ་ཁུངས།    རྔ་སྒྲ། 

        འབྲོག་པ་མང་ཚོགས་ལ་བརླན་ས་དང་རྨ་ཆུ་སྲུང་སྐྱོབ་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་ཁྱབ་སྤེལ་དུ་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དམིགས་འབེན་རང་བཞིན་ཆེ་རུ་གཏོང་ཆེད་དུ། ཉེ་ཆར། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་པ་དང་ཁྲིམས་རྩོད་པ། མི་དམངས་འདུམ་འགྲིག་པ་སོགས་བཅའ་ཁྲིམས་ལས་རིགས་མི་སྣ། གྲོང་གསེབ་ཀྱི་བཅའ་ཁྲིམས་ཆེད་ལས་མི་སྣ་སོགས་རྩ་འཛུགས་བྱས་ཏེ། བརླན་ས་སྲུང་སྐྱོབ་ཀྱི་སྐྱ་མི་སྒྲོག་འགྲེལ་རུ་ཁག་བཙུགས་ཤིང་། བྱམས་མེ་གྲོང་རྡལ་གྱི་འབྲོག་ཁུལ་དུ་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ།

        སྐྱ་མི་སྒྲོག་འགྲེལ་རུ་ཁག་གིས་འབྲོག་པའི་རུ་བ་སྤོ་བའི་རྗེས་སུ་འབྲངས་ཏེ། འབྲོག་ཁུལ་དང་སྦྲ་ཁྱིམ་དུ་སྐྱོད་པ། འབྲོག་པ་མང་ཚོགས་དང་མཉམ་དུ་ངོ་ཐུག་གདོང་འཕྲད་ཀྱིས་གོ་བདེ་ཞིང་ཤེས་སླ་བའི་བོད་སྐད་ཀྱི་ལམ་ནས་བརླན་ས་སྲུང་སྐྱོབ་དང་རྨ་ཆུ་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ། དུག་འགོག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་འགྲེལ་བཤད་བྱས་ཤིང་། དུས་མཚུངས་སུ། མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་ལ་ངང་རྒྱུད་རིང་པོས་ལན་བརྒྱབ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱའི་དྲིལ་སྒྲོག་སློབ་གསོའི་དམིགས་འབེན་རང་བཞིན་དང་སྲུང་སྐྱོབ་ཀྱི་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་། སྒྲོག་འགྲེལ་བྱས་པ་བརྒྱུད་བཅའ་ཁྲིམས་དང་སྲིད་ཇུས་འབྲོག་པ་མང་ཚོགས་ཀྱི་སེམས་སུ་ངེས་པར་བྱས་ཤིང་། ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་མཐའ་མའི་འགག་སྒོ་ཤར་གཏོང་ཐུབ་པ། འབྲོག་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་པས་འབྲོག་པ་མང་ཚོགས་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་ལ་དགའ་བསུ་ཆེན་པོ་བྱས།

        རྗེས་ཕྱོགས་སུ། མཛོད་དགེ་ཁྲིམས་འཛིན་ཅུས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཤིང་། ཅི་ཞིག་བྱེད་པ་དང་ཇི་ལྟར་བྱེད་པ། སུ་ཞིག་གི་ཆེད་དུ་སྒྲུབ་པ་བཅས་ཀྱི་དམིགས་འབེན་གསལ་བོ་ཤེས་པར་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་མཛོད་དགེ་རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཁྲིམས་བཀུར་དང་ཁྲིམས་སྲུང་། ཁྲིམས་སྦྱོང་། ཁྲིམས་སྤྱོད་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་རྒྱུ་རེད།