མཐོ་རྒྱུགས་སྐབས་ཀྱི་མཉམ་འཇོག་བྱ་དགོས་པ་འདི་དག་ལ་ནན་ཏན་གྱིས་ཤིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-07   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།

        ལོ་རེ་ལ་ཐེངས་རེ་ཡི་མཐོ་རྒྱུགས་ཀྱི་རྒྱུགས་ལེན་ཉིན་མོ་ཐོན་པ་དང་། འདི་ནི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚོའི་ཆེས་གལ་ཆེ་བའི་རྒྱུགས་གཞི་ཞིག་ཡིན་པས། རྒྱུགས་སྤྲོད་སློབ་མ་དང་དེའི་ཁྱིམ་བདག་ཚང་མས་རྒྱུགས་གཞི་གལ་ཆེ་བ་འདི་ལ་དམིགས་ནས་གྲ་སྒྲིག་བྱས་དང་བྱེད་བཞིན་ཡོད། དེ་ན། མཐོ་རྒྱུགས་སྐབས་ཀྱི་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ་ཞེ་ན།

        གཅིག བཟའ་བཏུང་གི་སྐོར།

        མཐོ་རྒྱུགས་སྐབས་ཀྱི་བཟའ་བཏུང་འཕྲོད་བསྟེན་ལ་མཉམ་འཇོག་བྱ་དགོས་པ་སྟེ། རྒྱུན་པར་མི་ཟ་བའི་ཟ་མའི་རིགས་ཟོས་ན། ཟས་འཇུ་བསྡུ་ལེན་ལ་མི་ཕན་པར་མ་ཟད། ད་དུང་ཕོ་རྒྱུ་འཁྲུགས་ནས་ཐ་ན་ཁོག་པ་ཡང་བཤལ་བ་ཡིན། ལྷག་པར་དུ། མཐོ་རྒྱུགས་སྔོན་གྱི་ཉིན3གྱི་ནང་ལ། བཟའ་བཏུང་འཁྱགས་པའི་རིགས་ཚད་ལས་བརྒལ་བའི་ངང་ཟ་མི་རུང་།

        གཉིས། རྒྱུགས་རའི་སྐོར།

        མཐོ་རྒྱུགས་སྔོན་གྱི་གྲ་སྒྲིག་བྱ་བ་གཅིག་ནི་རྒྱུགས་སྤྲོད་པའི་སྔ་ཉིན་ལ། ངེས་པར་དུ་རྒྱུགས་ར་ཡོད་སའི་སློབ་གྲྭར་སོང་ནས་རྒྱུགས་ལེན་སའི་ཁོར་ཡུག་ལ་རྒྱུས་མངའ་ཡོད་པར་བྱ་དགོས། གལ་ཏེ། རང་ཉིད་ཡོད་སའི་སློབ་གྲྭ་ནས་རྒྱུགས་ལེན་པ་ཡིན་ན། གནད་དོན་ཅི་ཡང་ཡོད་མི་སྲིད། ཡིན་ནའང་། སློབ་གྲྭ་གཞན་པ་ནས་རྒྱུགས་ལེན་དགོས་ན། ངེས་པར་དུ་སློབ་གྲྭ་དེ་ལ་ཇི་ལྟར་འགྲོ་བ་དང་། རྒྱུགས་ར་དང་རང་གི་འདུག་གནས་གང་ན་ཡོད་པ་སོགས་གསལ་བོར་ཤེས་དགོས། གསང་སྤྱོད་ཁང་གང་ན་ཡོད་པ་ལའང་ལྷག་ཏུ་མཉམ་འཇོག་བྱ་དགོས།

        གསུམ། སེམས་ཁམས་ཀྱི་སྐོར།

        མཐོ་རྒྱུགས་ཐོན་ལ་ཉེ་བ་ན། རྒྱུགས་སྤྲོད་སློབ་མ་མི་ཉུང་བ་ཞིག་ལ་གཉིད་མི་ཡོང་བ་དང་། ཐ་ན་ལུས་པོ་མི་བདེ་བ་ཡང་འབྱུང་བ་ཡིན། གནས་ཚུལ་འདི་ནི་རྒྱུགས་སྤྲོད་སྔོན་གྱི་སེམས་འཚབ་པ་ལས་བྱུང་བ་ཡིན། དོན་དག་འདི་ལ་དམིགས་ནས། རྒྱུགས་སྤྲོད་སློབ་མ་ཡིས་སེམས་ཁམས་ལ་སྙོམ་སྒྲིག་འོས་འཚམ་བྱས་ན་བཟང་བ་སྟེ།

        ཐོག་མར། ཡར་བརྩོན་གྱི་སེམས་ཁམས་ཡོད་དགོས་པ་སྟེ། རང་ཉིད་ལ་རྒྱུགས་འབྲས་བཟང་བོ་ཞིག་ལེན་ཐུབ་པའི་ཡིད་ཆེས་ཡོད་པར་བྱས་ནས་སེམས་ཀྱི་གནོན་ཤུགས་ཇེ་ཆུང་ལ་བཏང་སྟེ་མཐོ་རྒྱུགས་འདི་ནི་རྒྱུན་ལྡན་གྱི་རྒྱུགས་གཞི་ཞིག་ལ་རྩི་བ། བར་དུ། རོལ་དབྱངས་སྙན་མོའི་རིགས་ལ་མང་དུ་མཉན་ཏེ་རང་ཉིད་ཀྱི་ལྡོག་ནུས་སེམས་ཁམས་མེད་པར་གཏོང་བའམ་ཡང་ན་སྙོམ་སྒྲིག་བྱ་དགོས། ཡིན་ནའང་། མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་ཚོར་བ་དེ་མེད་པར་གཏོང་མི་རུང་། མཐའ་མར། ཁྱིམ་བདག་གིས་སློབ་མ་ལ་སྐུལ་ལྕག་བྱས་ཏེ་རྒྱུགས་ལེན་པའི་སྔོན་གྱི་སེམས་འཚབ་པ་དང་གནོན་ཤུགས་ཆེ་བ། སེམས་མི་བདེ་བ་སོགས་ཀྱི་ཚོར་བ་ཞི་ལྷོད་དུ་གཏོང་རོགས་བྱ་དགོས།

        སེམས་ཁམས་བཟང་བོ་ཞིག་ཡོད་པ་ནི་མཐོ་རྒྱུགས་ལ་མཚོན་ནས་བཤད་ན། ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། སེམས་ཁམས་ལ་སྙོམ་སྒྲིག་ལེགས་པོ་བྱས་ན། ད་གཟོད་སློབ་མའི་རྒྱུགས་ལེན་སྐབས་ཀྱི་སེམས་པ་རྣལ་ལ་བབས་ནས་ཁ་གཏད་གཅོག་ཐུབ་པ་དང་། རྒྱུགས་འབྲས་ལེགས་པོ་ལེན་པར་ཡང་ཕན་པ་ཡིན།

        བཞི། ངལ་གསོའི་སྐོར།

        མཐོ་རྒྱུགས་སྐབས་རྩལ་འདོན་བཟང་བོ་བྱ་དགོས་ན། མཐོ་རྒྱུགས་ཀྱི་དུས་ཚོད་ལ་འཕྲོད་མཐུན་འབྱུང་དགོས་པ་ཡིན། མཐོ་རྒྱུགས་སྔོན་གྱི་དུས་ཚོད་ངེས་ཅན་ཞིག་གི་ནང་ལ། མཐོ་རྒྱུགས་ཀྱི་དུས་ཚོད་བཀོད་སྒྲིག་ལྟར་རང་ཉིད་ཀྱི་ངལ་གསོ་དུས་ཚོད་བཀོད་སྒྲིག་བྱས་ཆོག་པ་དང་། དེ་ལྟར་བྱས་ན། རྒྱུགས་སྤྲོད་སློབ་མ་ཡིས་རྒྱུགས་ལེན་སྐབས་རིག་པ་བསྒྲིམས་ནས་འདུག་པ་རྒྱུན་འཁྱོངས་བྱ་ཐུབ།

        ལྔ། རྒྱུགས་རའི་སྒྲིག་ལམ་གྱི་སྐོར།

        རྒྱུགས་ལེན་པའི་སྔོན་ལ། ངེས་པར་དུ་རྒྱུགས་རའི་སྒྲིག་ལམ་ལ་རྒྱུས་མངའ་ཡོད་དགོས་པ་སྟེ། རྒྱུགས་རའི་ནང་ལ་འཁྱེར་མི་ཆོག་པའི་དངོས་པོ་གང་ཡང་མི་འཁྱེར་བ་དང་། རྒྱུགས་ཞུགས་ཨང་གྲངས(考号)དང་རུས་མིང་སོགས་གཏན་འཁེལ་བྱས་ཡུལ་དུ་བྲི་དགོས། རྒྱུགས་ཞུགས་ཨང་གྲངས་དང་རུས་མིང་། རྒྱུགས་ལན་བྲི་ཤོག(答题卡)བཅས་ཀྱི་སྐོང་ཐབས་ནི་ནམ་རྒྱུན་གྱི་ལད་ཟློས་རྒྱུགས་ལེན་ནང་དུ་སྦྱངས་ཡོད་ཀྱང་། འདི་ནི་མཐོ་རྒྱུགས་སྐབས་ཀྱི་མཉམ་འཇོག་བྱ་དགོས་པ་ཆེས་གཙོ་བོ་དེ་ཡིན།

        མཐོ་རྒྱུགས་འདི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ནའང་། མཐོ་རྒྱུགས་ཀྱི་སྔོན་ཏག་ཏག་ལ་འབད་པ་ལྷག་མ་ཞིག་བྱས་པ་ཡིས་གློ་བུར་དུ་སྐར་འབྲས་མཐོན་པོ་ལེན་ཐུབ་པར་བྱེད་མི་སྲིད། དེར་བརྟེན། ཁྱིམ་བདག་གིས་བྱིས་པ་ལ་སྤྲོ་སྣང་ཡོད་པ་དང་སེམས་པ་ལྷོད་པོར་གནས་པའི་ངང་མཐོ་རྒྱུགས་ལ་ཞུགས་སུ་འཇུག་དགོས།